སྲུང་སྐྱོང་བྱ་ཐབས་གནད་ལ་འཁེལ་པོ་སྤྱད། མངོན་མིན་རིག་གནས་ཤུལ་བཞག་གསོན་ཤུགས་འཕེལ།
ཉེ་བའི་ལོ་ཤས་རིང་། རྫ་ཡུལ་རྫོང་གིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་གྲུབ་འབྲས་ལས་མང་ཚོགས་ལ་ཕན་པ་ཐོབ་པ་དང་འཚོ་བར་ཁྱབ་པའི་འདུ་ཤེས་ལག་བསྟར་གཏིང་ཟབ་བྱས་ཏེ“སྲུང་སྐྱོང་གཙོ་བོར་འཛིན་པ་དང་། མྱུར་སྐྱོབ་ཨང་དང་པོར་འཇོག་པ། བེད་སྤྱོད་ལུགས་མཐུན་བྱེད་པ། རྒྱུན་འཛིན་གོང་འཕེལ་གཏོང་བ”བཅས་ཀྱི་བྱེད་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་། རྒྱུན་འཛིན། དར་སྤེལ། ཁྱབ་སྤེལ་བཅས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་རིག་གནས་ཀྱི་གདེང་ཚོད་རྒྱུན་མཐུད་འཕེལ་བ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་ཉམས་སྣང་མངོན་པ། རིག་གནས་ཀྱི་རྩ་བ་རྒྱུན་འཛིན་བཅས་བྱས་ཏེ་རིག་གནས་ལ་བརྟེན་ནས་རྫོང་སྟོབས་ཆེར་གཏོང་བའི་རྨང་གཞི་བརྟན་པོ་བཏིང་ཡོད།
“ཆ་ཚང”གཙོ་བོར་བཟུང་ནས་གདིང་གཞི་གསལ་པོ་རྟོགས་པར་བྱས་ཤིང་། “ཕྱོགས་ཡོངས་ནས་ཡོངས་བཤེར་དང་། འདུན་ཞུ་ཧུར་ཐག འཆར་འགོད་ལུགས་མཐུན། རྒྱུན་འཛིན་གོང་སྤེལ”བཅས་ཀྱི་རྩ་དོན་ལྟར། རྫ་ཡུལ་རྫོང་གིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་ཇུས་གཞི་དང་ཡོངས་བཤེར་ཇུས་གཞི་བཟོས་ནས་ལོ་རྒྱུས་དང་། རིག་གནས། སྒྱུ་རྩལ་སོགས་ནས་འགོ་བརྩམས་ཏེ་རྫོང་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་མཐིལ་རྟོགས་བརྟག་དཔྱད་བྱས་པ་དང་། རྫོང་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རིགས་དང་། གྲངས་འབོར། ཁྱབ་ཁོངས། དེ་བཞིན་སྲུང་སྐྱོང་བྱས་ཚུལ་བཅས་ཕྱོགས་ཡོངས་ནས་ཤེས་རྟོགས་དང་ཁོང་དུ་ཆུད་པར་བྱས་ནས་པར་རིས་དང་། ཡི་གེ བརྙན་པར་སོགས་བརྒྱུད། མངོན་མིན་རིག་གནས་ཤུལ་བཞག་གི་ཡིག་ཚགས་བཟོས་པ་དང་། ལག་ཤེས་བཟོ་རྩལ་དང་། མི་རིགས་ཀྱི་གྱོན་ཆས། སྲོལ་རྒྱུན་གྱི་ཞིམ་ཟས་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་30ལྷག་ཙམ་འཐུས་སྒོ་ཚང་དུ་བཏང་ཞིང་། རྫ་ཡུལ་གྱི་ཤིང་ཕོར་བཟོ་རྩལ་དང་། མགོ་ཡུལ་ཤང་གི་སྒོར་གཞས། སྟེང་པའི་དངུལ་རྒྱན། སྟེང་པའི་རྒྱན་གོས་བཅས་ཁག་4རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཡིན་པ་དང་། ཚ་བ་རོང་ཤང་གི་རྟ་རྒྱུག་དུས་ཆེན་དང་། སྟེང་པའི་རོང་ལྟོ། ཚ་བ་རོང་ཤང་གི་རྫ་བཟོ་རྩལ་བཅས་ཁག་3གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པ། རྫོང་རིམ་པའི་རྣམ་གྲངས་ཁག་19ཡོད་པ་རེད།
“བརྒྱུད་སྤེལ”གཙོ་གནད་དུ་བཟུང་ནས་ཤེས་ལྡན་མི་སྣ་བཙལ་ཞིང་། རྫ་ཡུལ་རྫོང་གིས་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པས་མི་རིགས་ཀྱི་རིག་གནས་དར་སྤེལ་དང་ལོ་རྒྱུས་རྒྱུན་འཛིན་བྱེད་པའི་འགག་རྩའི་ནུས་པ་གང་ལེགས་བཏོན་ཏེ་རྫ་ཡུལ་གྱི་ཤིང་ཕོར་བཟོ་རྩལ་དང་མགོ་ཡུལ་ཤང་གི་སྒོར་གཞས་སོགས་རྣམ་གྲངས་འདུན་ཞུ་ལམ་ལྷོངས་བྱུང་བའི་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་4ཡོད་པ་དང་། མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་དང་དམངས་ཁྲོད་བཟོ་རྩལ་མཁས་ཅན་གྱིས་རིག་གནས་ཀྱི་གཡུལ་ས་དང་ཁྲིད་སྦྱོང་ཁང་སོགས་ལ་བརྟེན་ནས་རྒྱུན་རྣམ་ཅན་གྱི་རྒྱུན་འཛིན་པ་གསོ་སྦྱོང་བྱེད་པར་ལྕག་སྐུལ་དང་རྒྱབ་སྐྱོར་བྱས་ཡོད། ཉེ་བའི་ལོ་ཤས་རིང་། རྫ་ཡུལ་རྫོང་གིས་ད་དུང་མ་དངུལ་བཏང་ནས་མངོན་མིན་རིག་གནས་ཤུལ་བཞག་གི་གྲངས་འཛིན་ཅན་གྱི་ཡིག་ཚགས་ཀྱི་བརྙན་ལམ་དང་པར་རིས་བཟོས་པ་དང་། རྫོང་དང་ཤང་རིམ་པ་གཉིས་སུ་པི་ཝང་དང་། སྒོར་གཞས། ལ་གླུ་བཅས་ཀྱི་དགའ་ཕྱོགས་འཛིན་གྲྭ་བཙུགས་པ། རྫ་ཡུལ་ཤིང་ཕོར་གྱི་མངོན་མིན་རིག་གནས་ཤུལ་བཞག་བསམ་བཀོད་ཁང་དང་། སྟེང་པའི་རྒྱན་གོས་དང་དངུལ་རྒྱན་ཁྲིད་སྦྱོང་ཁང་བཙུགས་ཏེ་རྫོང་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཤེས་ལྡན་མི་སྣའི་མཛོད་དང་ནུས་པ་སྔར་བས་བརྟན་དུ་བཏང་ཡོད།
“རྒྱ་སྐྱེད”གཙོ་བོར་བཟུང་ནས་གཡུལ་ས་བསྐྲུན་ཅིང་། རྫ་ཡུལ་རྫོང་གིས“མི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་ཁང”ནུས་ཤུགས་ཡོད་རྒུས་བཏོད་དེ་སྲོལ་རྒྱུན་གྱི་རྟ་ཆས་དང་། སྟེང་པའི་ཁྱད་ལྡན་རྒྱན་གོས། ལག་ཤེས་བསླས་འཐག་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་དམངས་སྲོལ་འགྲེམས་སྟོན་དངོས་རྫས་80ལྷག་ཙམ་འཚོལ་བསྡུ་བྱས་ཏེ་འགྲེམས་སྟོན་དང་། ཉར་ཚགས་གསོ་སྦྱོང་། ཉམས་ལེན་ཁྲིད་སྦྱོང་སོགས་ཀྱི་བྱེད་ཐབས་བརྒྱུད། དྲ་ཐོག་དང་དྲ་ཕྱིའི་མངོན་མིན་རིག་གནས་ཤུལ་བཞག་གི་འགྲེམས་ཁང་དུ་ལྟ་སྐོར་བྱེད་པའི་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་མངོན་མིན་རིག་གནས་ཤུལ་བཞག་གི་ཉམས་འགྱུར་དར་སྤེལ་དང་ངོམ་སྟོན་བྱས་ཡོད། མངོན་མིན་རིག་གནས་ཤུལ་བཞག་དེ་བས་ལེགས་པའི་སྒོ་ནས་རྒྱུན་གཏན་གྱི་འཚོ་བ་དང་མཉམ་འདྲེས་ཐུབ་ཆེད། རྫ་ཡུལ་རྫོང་གིས་ད་དུང“མངོན་མིན་རིག་གནས་ཤུལ་བཞག་གྲོང་ཚོར(གྲོང་ལྷན)སྤེལ་བའི”བྱེད་སྒོ་སྤེལ་ཡོད། 2022ལོར་རྫ་ཡུལ་རྫོང་གིས་མགོ་ཡུལ་ཤང་གི་གྲོང་ཚོ་ཁག་ཏུ་མངོན་མིན་རིག་གནས་ཤུལ་བཞག་གི་འགྲེམས་སྟོན་བྱེད་སྒོ་ཐེངས་7སྒྲིག་འཛུགས་བྱས་ནས་སྤེལ་བས། རྒྱ་ཆེའི་མང་ཚོགས་དང་སྤྱི་ཚོགས་ཡོངས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་ལ་རྒྱུས་མངའ་ལོན་ཚད་དང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་ཕྱིན་ཡོད།
“དྲིལ་བསྒྲགས”ཁྲིད་སྟོན་དུ་བྱས་ནས་ངོ་མཚར་ངོམ་ཞིང་། རྫ་ཡུལ་རྫོང་གིས་གཞི་རིམ་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་འགན་ནུས་འདོན་སྤེལ་ཧུར་ཐག་བྱས་ནས་གྲངས་འཛིན་རིག་གནས་ཀྱི་ཐོན་ཁུངས་དང“འཕྲིན་ཕྲན་གཉིས་དང་ཁྱུག་དབྱིངས་གཅིག”སོགས་ཀྱི་ལས་སྟེགས་བསྡུ་སྒྲིལ་བྱས་ཏེ“སྟེང་པའི་དངུལ་རྒྱན་བཟོ་རྩལ”དང“སྟེང་པའི་རྒྱན་གོས་བཟོ་རྩལ”སོགས་མངོན་མིན་རིག་གནས་ཤུལ་བཞག་གི་ཆེད་དོན་བརྙན་ཐུང་བཟོས་ནས་ཁྱུག་དབྱིངས་སྤྱི་རྟགས་སུ་སྒོར་གཞས་དང་། སྟེང་པའི་གྲི སུར་པན་བཟོ་སྟངས་སོགས་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོ་བསྟན་ཡོད། མིག་སྔའི་བར་ཁྱུག་དབྱིངས་དང་སྤྱི་རྟགས་ནས་བསྟན་པའི་བརྩམས་ཆོས་ཁག་12ལ་ལྟ་མཁན་མི་ཐེངས་ཁྲི་1.2ཟིན་པ་དང་རྫ་ཡུལ་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་མངོན་མིན་རིག་གནས་ཤུལ་བཞག་གི་སྤུས་རྟགས་མི་སེམས་སུ་དེ་བས་གཏིང་ཟབ་ཟུག་ཡོད།