དབུ་ཤོག>བོད་ཀྱི་རིག་གནས།
  • མི་སེམས་སྤྲོ་བའི་ཚོགས་ཆེན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བུ་ཚེ་རིང་རྒན་པ།   |     སྤེལ་དུས།  2023-02-05

    བསིལ་བསིལ་སྟོན་རླུང་ལྡང་བའི་དགུང་སྔོན་དབྱིངས། །

    དཀར་དཀར་བཀྲ་ཤིས་སྤྲིན་བཟང་དར་བཞིན་འཐེན། །

    དུང་དུང་བརྩེ་བའི་རྒྱལ་ས་པེ་ཅིང་དུ། །

    མང་མང་འཐུས་མིའི་ཚོགས་ཀྱི་འདུ་ལོང་འཁྲིགས། །


    སྙན་སྙན་བཀྲ་ཤིས་གཏམ་བཟང་སྙན་མོ་ཞིག །

    ཡངས་ཡངས་ཀྲུང་གོའི་འཛིན་མའི་ཁྱོན་ལ་ཁྱབ། །

    དགའ་དགའ་སྤྲོ་བའི་ཚོགས་ཆེན་ཉི་ཤུ་པ། །

    ཡུན་ཡུན་སྒུག་མཐར་ཚོགས་པའི་དུས་བཟང་ཤར། །


    མང་མང་ས་ཕྱོགས་ཁག་གི་འཐུས་མི་རྣམས། །

    འཛུམ་འཛུམ་དགའ་བའི་སེམས་ཀྱིས་གཅིག་ཏུ་འདུས། །

    ཁྲ་ཁྲ་སྣ་ཚོགས་རང་རང་འཆོར་གོས་རྣམས། །

    མཛེས་མཛེས་སྤང་ལ་བཞད་པའི་མེ་ཏོག་འདྲ། །


    མཐུན་མཐུན་དམངས་ཆེད་བློ་སེམས་མཐུན་དང་གཅིག །

    བྱམས་བྱམས་དམངས་ལ་བུ་ལྟར་གཅེས་དང་གཉིས། །

    མཁས་མཁས་རྒྱལ་དོན་སྲིད་ཇུས་མཁས་དང་གསུམ། །

    དྲོ་དྲོ་ཉི་མ་འདྲ་བའི་གཙོ་འཛིན་མཇལ། །


    བདེན་བདེན་གཏམ་གྱིས་ཕྱུག་པའི་གལ་ཆེའི་གསུང་། །

    གུས་གུས་བརྩེ་བའི་སྤྱི་ཁྱབ་ཧྲུའུ་ཅིས་བསྒྲགས། །

    མྱུར་མྱུར་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་གྱི། །

    མཛེས་མཛེས་འཆར་འགོད་རི་མོ་ཨེ་མ་མཚར། །


    འཛོམས་འཛོམས་ཕྱོགས་ཀུན་སྤྱི་ཚོགས་རིང་ལུགས་ཀྱི། །

    མཛེས་མཛེས་སྟོབས་ལྡན་དེང་རབས་རྒྱལ་ཁབ་དང་། །

    རིང་རིང་ལོ་བརྒྱའི་དམིགས་ཚད་གཉིས་པ་ཡི། །

    བརྗིད་བརྗིད་མི་རིགས་བསྐྱར་དར་མཛེས་རིས་བཀོད། །


    རང་རང་ས་ཕྱོགས་འཕེལ་རྒྱས་འདུན་མའི་གཏམ། །

    འཛེམ་འཛེམ་བློ་དོགས་མེད་པར་ཀུན་གྱིས་གླེང་། །

    ཟབ་ཟབ་དམངས་ཇུས་རྒྱལ་དོན་སེམས་ཀྱི་གཏམ། །

    ལྷུག་ལྷུག་ཕན་ཚུན་གླེང་ནས་རྒྱལ་ཇུས་བཀོད། །


    དཀར་དཀར་ལྷག་བསམ་དཀར་པོའི་དད་འདུན་གྱིས། །

    གཟབ་གཟབ་ནན་ནན་གཙོ་འཛིན་གསུང་རབ་ཀློག །

    ཡང་ཡང་ལྟ་ཀློག་དགོངས་དོན་བློར་ངེས་ནས། །

    འཛེམ་འཛེམ་ཐོགས་མེད་བཀའ་གསུང་ཇི་བཞིན་སྒྲུབ། །


    རིང་རིང་ལམ་ལ་ཕྱིར་རྒྱང་བྱེད་པའི་ཚེ། །

    མང་མང་གཏམ་རྒྱུད་སེམས་ཀྱི་རི་མོར་གསལ། །

    མཛེས་མཛེས་ཕུགས་འདུན་མེས་རྒྱལ་ས་གཞི་ཆེར། །

    འཁྱུག་འཁྱུག་བཀོད་པས་འབྱུང་འགྱུར་སྔར་བས་མཛེས། །


    ཐུང་ཐུང་མི་ལོ་བདུན་ཅུའི་འཛུགས་སྐྲུན་ལས། །

    མྱུར་མྱུར་འཕེལ་རྒྱས་རྨི་ལམ་འདྲ་བ་ཡིས། །

    ཞན་ཞན་རྗེས་ལུས་ཉམ་ཞན་ཀྲུང་གོ་དེ། །

    རྔམ་རྔམ་སྟོབས་ཀྱིས་ཕྱུག་པ་ཅིས་མི་མཚར། །


    དམ་དམ་བརྩེ་བ་ལྷོད་མེད་མི་རིགས་ཁག །

    ཡངས་ཡངས་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ནང་། །

    འབད་འབད་ཧུར་བརྩོན་གཅིག་ཕན་གཅིག་རོགས་ཀྱིས། །

    དུང་དུང་བརྩེ་བའི་མེ་ཏོག་རྣམ་པར་བཀྲ། །


    གྲུང་གྲུང་སེམས་ཀྱིས་གཙོ་འཛིན་བཀའ་སློབ་ཉན། །

    གུས་གུས་དད་པའི་བློ་སེམས་ཏང་ལ་ཕྱོགས། །

    དམ་དམ་མཐུན་སྒྲིལ་མཛའ་བརྩེ་མ་ལྷོད་པར། །

    ངར་ངར་བརྩོན་པས་མེས་རྒྱལ་འཛུགས་སྐྲུན་བྱེད། །


    བརྗིད་བརྗིད་རྔམ་རྔམ་མེས་རྒྱལ་མངའ་ཁོངས་ཏེ། །

    མཛེས་མཛེས་ལེགས་ལེགས་འཛམ་གླིང་དབུ་རྩེ་ཡི། །

    བདེ་བདེ་སྐྱིད་སྐྱིད་གངས་ལྗོངས་མི་དམངས་རྣམས། །

    དགའ་དགའ་སྤྲོ་སྤྲོས་ཏང་གི་རྗེས་སུ་འབྲངས། །


    ཞིམ་ཞིམ་མངར་མངར་སྲིད་པའི་ཕུན་ཚོགས་ཁྲོད། །

    མཉམ་མཉམ་རུབ་རུབ་ཁྱིམ་གཞིས་འཛུགས་སྐྲུན་དང་། །

    འབད་འབད་འབུངས་འབུངས་འབྱོར་འབྲིང་ལམ་བུའི་ཐོག །

    དུང་དུང་གཅེས་གཅེས་ཏང་གི་བཀའ་དྲིན་དྲན། །


    བདེན་བདེན་བློ་ལ་འཆར་བའི་སྣང་བ་འདི། །

    འཛུམ་འཛུམ་མཁའ་ལ་གསལ་བའི་དབང་གཞུ་བཞིན། །

    མེར་མེར་ཆུ་མོའི་རླབས་བཞིན་རབ་འཁྲུངས་པས། །

    སྙན་སྙན་དབྱངས་སུ་བཀུག་ནས་ངག་ལས་ཐལ། །

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།