དབུ་ཤོག>བོད་ཀྱི་རིག་གནས།
  • རྟ་རྒན་དང་སྤྱང་ཀི།

  •     སྤེལ་དུས།  2023-02-05

    གནའ་སྔ་མོ་ཞིག་ལ། རྟ་རྒན་ཞིག་འདམ་ལ་དིམ་ཡོད་པ་ལྟོགས་པས་མནར་བའི་སྤྱང་ཀི་ཞིག་གིས་མཐོང་ནས། ད་ནི་ཁ་ཟས་རྙེད་སོང་སྙམ་ནས་དགའ་བ་ཆེས་ཆེར་སྐྱེས་ཤིང་། གམ་དུ་སོང་ནས་ཟ་བར་འདོད་པ་ན། རྟ་རྒན་ན་རེ། ཁྱོད་ཀྱིས་ང་འདམ་ནང་ནས་བཟས་ན་གཙང་མ་མིན་པས། འདམ་ལས་ཕྱིར་བཏོན་ཏེ་གཙང་མར་བཀྲུས་ནས་བཟས་ན་མི་བཟང་ངམ་ཞེས་སྨྲས་པ་ན། སྤྱང་ཀི་དེས་རྟ་རྒན་གྱིས་བཤད་པ་བདེན་པར་འདོད་ནས། ཁོས་རྟ་རྒན་འདམ་ལས་ཕྱིར་བཏོན། ལུས་ལ་སྦགས་པའི་འདམ་ཡང་གཙང་མར་བཀྲུས་རྗེས་ཟ་རྩིས་བྱས་པ་ན། ཡང་རྟ་རྒན་གྱིས་སྤྱང་ཀི་ལ། ཁྱོད་ཀྱིས་ངའི་རྨིག་པའི་ངོས་ན་ཡི་གེ་ཞིག་ཡོད་པ་དེ་བཏོན་རྗེས་བཟས་ན་དེ་ལས་ཀྱང་ཞིམ་པ་ཡོད་ཅེས་བཤད་པ་ན། སྤྱང་ཀིས་དེ་ཡང་བདེན་པར་འདོད་ནས་རྟ་རྒན་གྱི་རྨིག་པའི་ངོས་སུ་ལྟ་བའི་སྐབས་སུ། རྟ་རྒན་གྱིས་ཤེད་ཤུགས་ཡོད་ཚད་བཏོན་ནས་རྨིག་པས་སྤྱང་ཀིའི་ཐོད་གཙུག་ཏུ་འཕྲ་བརྒྱབ་སྟེ་སྤྱང་རྒན་དབུགས་ལྷེམ་མེར་ལྔ་ལམ་དུ་བརྫངས།

    དེ་ནས་རྟ་རྒན་གྱིས། རྟ་རྒན་འདམ་ལས་ལེན་མཁན་སྤྱང་ཀི་ཤེད་ཅན་ཞིག རྟ་རྨིག་ཡི་གེ་འདོན་མཁན་སྤྱང་ཀི་མཁས་པ་ཞིག འགྲམ་པ་ངོས་གཅིག་རྫོགས་པའི་སྤྱང་ཀི་ལས་ངན་ཞིག་ཅེས་གླུ་ལེན་བཞིན་རྩྭ་ཟ་བར་སོང་ངོ་།།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།