མ་ལུས་སྲིད་པའི་ཕུན་ཚོགས་སྦྱིན་པའི་མ། །
མ་ནོར་ལམ་སྟོན་མཛད་པའི་དེད་དཔོན་མ། །
མ་རིག་རྨོངས་མུན་སེལ་བའི་གསལ་བྱེད་མ། །
མ་བཅོས་བརྩེ་བས་སྐྱོང་མཁས་བྱམས་ལྡན་མ། །
ཟླ་དགུ་ཞག་བཅུ་སྐུ་ཡི་དཀྱིལ་འཁོར་དུ།།
ལུས་ཟུངས་བདུད་རྩི་མངར་མོས་ལེགས་པར་བསྐྱངས། །
བཙས་མ་ཐག་ནས་བརྩེ་བའི་འཛུམ་གྱིས་བསུས། །
ཉིན་མཚན་དབྱེར་མེད་བུ་ཡི་དོན་དུ་འཚོ། །
ཉམ་ཆུང་སྲིན་འབུ་འདྲ་བའི་སྒྱུ་མའི་ལུས། །
སྙིམ་པའི་འདབ་མས་བསྐྱོར་ཞིང་ཡིད་བཞིན་ནོར། །
བཅུད་ལྡན་ཟས་དང་དྲོ་འཇམ་གོས་ཉིད་ཀྱིས། །
གཅེས་པར་བསྐྱངས་པས་ཤ་ཁྲག་ལང་ཚོ་རྒྱས། །
ཅུང་ཟད་བློ་ཡི་པད་མོ་འབྱེད་པའི་དུས། །
མི་ཚེའི་ཕན་བདེ་མ་ལུས་སྩོལ་བའི་གནས། །
རིག་པའི་གནས་ལྔར་མཐར་སོན་བཤེས་གཉེན་ལས། །
ཡོན་ཏན་དཀྱིལ་འཁོར་རྫོགས་པ་མ་ཡི་དྲིན། །
ཐོ་རེངས་བྱ་དང་མཚན་དགུང་ཁྱི་བཞིན་དུ། །
ཉིན་མཚན་ལྟོས་མེད་རྔུལ་ཆུའི་ཟིལ་པས་བརླན། །
དཀའ་སྤྱད་ངལ་བས་བསྒྲུབས་པའི་སྲིད་པའི་ནོར། །
སྲེད་མེད་བུ་ལ་བྱིན་ཞིང་དོན་ཆེར་དགོངས། །
རྙེད་པར་དཀའ་བའི་དལ་བའི་རྟེན་གྱི་གཞི། །
ཁྲེལ་བྲལ་གཡོ་དང་ཚུལ་འཆོས་ཉག་གཅིག་གིས། །
དོན་ལྡན་མི་ཚེ་བག་མེད་འདའ་བྱེད་ན། །
གནས་ལུགས་གདམས་ངག་ཟབ་པ་བུ་ཡི་ཕྱིར། །
གནག་སྣུམ་སྐྲ་ལོ་གངས་དཀར་ཚོན་གྱིས་སྦགས། །
པད་མའི་བཞིན་མདངས་གཉེར་མའི་དཔུང་གིས་བཅོམ། །
ཕྲ་ཆུང་སྤྱན་ཟུང་གདང་བཙུམ་ལས་ལ་བྲེལ། །
དུས་ཀྱི་ཆོམ་རྐུན་སྐུ་ཡི་ཕུང་པོར་འཁྲིལ། །
བྱིས་པའི་དུས་སུ་རྩེད་འཇོར་ཡེ་ནས་གཡེངས། །
དར་མའི་ལང་ཚོ་ཆང་འཐུང་འཁྱམས་ལ་ཟད། །
རྣམ་གཡེང་ཀློང་ནས་དྲིན་ཆེན་སྐྱེད་མ་ཉིད། །
ཕྱི་མའི་ལམ་དུ་ཞུགས་ཟིན་འགྱོད་པས་བཟི། །
གནོག་ཆུང་བྱ་བར་གཡེང་པའི་མི་ཕོ་བདག །
སྐྱོ་གདུང་དྲན་པས་མནར་བའི་བུ་ཆུང་ང་། །
མགོན་མེད་གཅིག་པུར་ལུས་པའི་སྨྲེ་སྔགས་འདི། །
སྐད་ཅིག་གཡེང་མེད་བརྩེ་བས་ཚུར་ལ་གསོན། །
དུས་ནི་མི་རྟག་གློག་གི་གར་དང་མཚུངས། །
འདུ་བྲལ་མི་བརྟན་འཁོར་བའི་གཤིས་སུ་གྲུབ། །
ཆོས་ཉིད་སྐུ་དབང་བཙན་པའི་མདུན་ས་རུ། །
སྐྱེད་མ་དྲན་པའི་སྐྱོ་གདུང་སུ་ལ་ཤོད། །
དུག་གསུམ་འཇིགས་པས་སོ་སོ་སྐྱེས་བུའི་ཚོགས། །
བསྙེན་དང་གྲགས་སོཌ་ཆོས་བརྒྱད་ལམ་དུ་དེད། །
མགོན་མེད་དྭ་ཕྲུག་འཁོར་བའི་ལམ་མདོ་ན། །
ཧད་དེ་ལུས་དུས་སྐྱེད་མ་ལྷག་པར་དྲན། །
དྲན་པའི་གདུང་འབོད་དབྱངས་ཀྱི་མཆོད་པ་འདི། །
འཁྲེང་དང་གདུང་བས་མནར་བའི་བུ་ཆུང་གི །
གདུང་སེལ་སྨན་མཆོག་ཁོ་ནར་ཡང་དག་མཐོང་། །
མཆི་མའི་རྒྱུན་དང་འགྲོགས་ནས་ཤ་མར་སྦྱར། །