དེ་ཡང་འདས་ཟིན་པའི་བགྲང་བྱ་དུ་མའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་རང་རེའི་ཏང་དང་རང་རེའི་ཏང་གི་དབུ་ཁྲིད་རིམ་བྱོན་གྱིས་མི་དམངས་མང་ཚོགས་ཀྱི་བདེ་སྡུག་དང་། ཁྱིམ་གཞིས་ཀྱི་བདེ་འཁོད། རྒྱལ་ཁབ་ཀྱི་ཞི་བདེ་ལ་སོགས་པའི་གནད་དམ་པ་རྩ་བར་བཟུང་རྐྱེན་ད་ལྟའི་ཆར་འཛམ་གླིང་གི་ཤར་ཕྱོགས་ན་ལྡིང་བའི་གཡུ་འབྲུག་སྔོན་མོ་དུས་རབས་གསར་པའི་ཨ་སྔོན་མཐོན་པོར་འཕེལ་རྒྱས་ཀྱི་གར་སྟབས་ལ་རྩེན་བཞིན། སྤུན་ཟླ་ང་དྲུག་འོ་ཆུ་གཅིག་འདྲེས་ཀྱི་བརྩེ་བས་མཐུན་སྒྲིལ་དང་། འབྱོར་ཕྱུག དམངས་གཙོ། ཤེས་དཔལ། ཞི་མཐུན་བཅས་ཀྱི་འབྲས་བུར་ལོངས་སུ་སྤྱོད་བཞིན་ཡོད་ལ། རླབས་ཆེན་གྱི་གཙོ་འཛིན། མི་དམངས་ཀྱི་མགོན་སྐྱབས། དྲང་བདེན་གྱི་ཚངས་ཐིག དམངས་གཙོ་ཡི་བྱེད་པོ། ཐམས་ཅད་ཀྱི་རེ་ལྟོས་ཁྱེད་ཉིད་སླར་ཡང་ངེད་ཚོའི་དེད་དཔོན་དུ་གྱུར་པས། མི་དམངས་དུང་ཕྱུར་བཅུ་བཞི་དགའ་བ་མི་སྐྱེས་ཅི་ལ་སྲིད།
ཁྱེད་ཡོད་པས་མི་དམངས་ལ་བླ་སྲོག་གི་རྒྱབ་རྟེན་ཡོད་ཅིང་། བླ་སྲོག་དེ་ལ་བརྟེན་ནས་འབྱོར་ཕྱུག་གི་ལམ་དུ་འགྲོ། ཁྱེད་ཡོད་པས་དྲང་བདེན་གྱི་རྒྱ་སྲང་དེ་དུས་ནམ་ཡང་འཁྱོག་པོར་འགྲོ་མི་སྲིད། དེ་བས་དྲང་བདེན་གྱི་རྩ་བར་འཆམ་མཐུན་གྱི་མེ་ཏོག་བཞད་ཅིང་། ཞི་མཐུན་གྱི་འབྲས་བཟང་སྨིན། ཁྱེད་ཡོད་པས་དམངས་གཙོ་ཡི་སྦྲང་ཆར་མི་རིགས་ང་དྲུག་གི་སེམས་ཁོང་གི་ཞིང་སར་བབས་པས། འབྱོར་འབྲིང་གི་ལྗང་གཞོན་དུས་ནམ་ཡང་སྐྱ་བོར་འགྱུར་ག་ལ་སྲིད། ཁྱེད་ནི་གཞན་སུ་ཡང་མ་ཡིན་པར་ང་ཚོའི་རླབས་ཆེན་གྱི་དེད་དཔོན་ཞི་ཅིན་ཕིང་མཆོག་ཡིན།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་པའི་མཛུབ་སྟོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཡང་དག་པའི་དབུ་ཁྲིད་འོག ང་ཚོའི་ཕ་ཡུལ་བོད་ལྗོངས་ལའང་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕེལ་རྒྱས་ཕྱིན་ཡོད་ལ། མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་དང་། འགྲིམ་འགྲུལ། འཕྲོད་བསྟེན། སློབ་གསོ། སྐྱེ་ཁམས་ལ་སོགས་པའི་ཕྱོགས་གང་སར་འཕེལ་རྒྱས་མྱུར་པོ་བྱུང་བ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་གྱིས་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་པའི་གལ་ཆེའི་དགོངས་པའི་མཛུབ་སྟོན་འོག་དེང་གི་ཆར་གྲོང་ཁྱེར་དང་གྲོང་གསེབ་གང་དུ་ཡིན་རུང་ཏང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་གྱིས་བསྐྱངས་པའི་འབྲས་བཟང་མིག་མཐོང་ལག་ཟིན་དུ་སྣང་ལ། ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱེད་པའི་འདུ་ཤེས་རྒྱ་ཆེའི་མང་ཚོགས་ཀྱི་སེམས་ལ་བརྟན་པོར་ཟུག་ནས་རང་འཁྲིའི་ལས་ལ་བརྩོན་དང་བརྩོན་མུས་སུ་མཆིས།
རང་ཉིད་སློབ་གསོའི་ལས་དོན་པ་ཞིག་གི་ངོས་ནས་བརྗོད་ན། ཉེ་བའི་ལོ་ཤས་རིང་ལ་ཏང་གི་ཡང་དག་པའི་དབུ་ཁྲིད་འོག་དང་སློབ་གསོའི་མཛད་ཕྱོགས་སྲིད་ཇུས་འོག རི་གྲོང་གི་སློབ་གསོར་གཙིགས་ཆེན་གྱི་དྲོད་རླུང་ལྡང་པས་སྣབས་ལུད་ཅན་གྱི་བྱིས་པ་མང་པོའི་བློ་ཡི་ཞིང་ས་གཤིན་པོར་ཤེས་རིག་གི་ལྗང་མྱུག་འབུས་འགོ་ཚུགས་པ་དང་། ན་གཞོན་མང་དག་ཅིག་ནི་ཤེས་རིག་གི་ལག་རྟགས་བསྣམས་ཏེ་བོད་གསར་འཛུགས་སྐྲུན་གྱི་ལས་ལ་བྲེལ་དང་བྲེལ་མུས་སུ་མཆིས།
དེ་ཡང་རང་ཉིད་གནས་སའི་ལྷོ་བྲག་རྫོང་ནི་ལྷ་ས་ནས་ལམ་ཐག་སྤྱི་ལེ་290ལྷག་ཙམ་དང་ལྷོ་ཁ་གྲོང་ཁྱེར་ནས་ལམ་ཐག་སྤྱི་ལེ་320ལྷག་ཙམ་ཡོད་པའི་ལྷོ་ཁའི་མཐའ་མཚམས་ཀྱི་ས་ཁུལ་དུ་གནས་ཤིང་། ས་ཆ་དེ་གར་ལོ་འཁོར་མོ་ཡུག་ཏུ་གནམ་གཤིས་ཚ་གྲང་གི་འགྱུར་ལྡོག་ཆེ་ལ། ས་ཆ་གཞན་དང་བསྡུར་ན་དམིགས་བསལ་གྱི་ས་བབ་ཆགས་ཚུལ་དབང་གིས་རྫོང་སྤྱི་ཡོངས་ལ་མི་འབོར་ཅུང་ཉུང་བ་དང་། ཤང་དང་། གྲོང་རྡལ། གྲོང་ཚོ་བཅས་ནི་ཁ་འཐོར་ཚུལ་དུ་ཆགས་པར་བརྟེན། སྔོན་དུས་སློབ་བསྡུའི་ལས་ཀ་དཀའ་ཚེགས་ཆེ་བ་དང་སློབ་མ་སློབ་གྲྭར་འབྱོར་ཚད་དམའ་བ། ཞིང་འབྲོག་མང་ཚོགས་ཀྱི་སློབ་གསོའི་འདུ་ཤེས་ཀྱང་ཅུང་ཞན་པ། ཤང་དང་གྲོང་རྡལ་གྱི་འགོ་ཁྲིད་ལས་བྱེད་པས་སློབ་གསོའི་ལས་དོན་ལ་དོ་སྣང་ཆུང་བ། དགེ་རྒན་གྱི་དཔུང་ཁག་ཆ་མི་ཚང་བ། སློབ་གསོ་སློབ་ཁྲིད་ཀྱི་ནུས་རྩལ་སྐྱོ་བ། སློབ་མའི་སློབ་སྦྱོང་གི་འདུན་པ་ཞན་པ་ལ་སོགས་པའི་རྒྱུ་རྐྱེན་མང་པོའི་དབང་གིས་ལོ་མང་རིང་ལྷོ་བྲག་གི་སློབ་གསོའི་ལྡུམ་རར་མཚར་སྡུག་གི་མེ་ཏོག་བཞད་དཀའ་ལ། སློབ་གསོའི་འབྲས་བཟང་ལོངས་སུ་སྤྱོད་པའི་སྐལ་བ་དེ་བས་ཀྱང་ཕྲ། སློབ་གསོའི་ལས་དོན་ལ་འདི་ལྟ་བུའི་དཀའ་ཚེགས་འཕྲད་ནས་རྗེས་ལུས་ཐེབས་པས་རྫོང་ཡོངས་ཀྱི་དཔལ་འབྱོར་དང་རིག་གནས་སོགས་ཕྱོགས་གང་ཅིའི་འཕེལ་རྒྱས་ལ་འགོག་རྐྱེན་མང་དུ་འཕྲད།
འོན་ཏེ། ཏང་གི་ཡང་དག་པའི་མཛད་ཕྱོགས་སྲིད་ཇུས་དང་སྤྱི་ཁྱབ་ཧྲུའུ་ཅིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱབ་སྐྱོར་འོག སློབ་གྲྭའི་ཕྱོགས་ཀུན་གྱི་ཆ་རྐྱེན་ཡག་ཏུ་ཕྱིན་པ་མ་ཟད། སློབ་གྲྭའི་སློབ་གསོ་སློབ་ཁྲིད་ཀྱི་ལམ་ལུགས་དང་སྒྲིག་སྲོལ་ཡང་འཐུས་སྒོ་ཚང་དུ་སོང་ནས་རི་གྲོང་གི་སློབ་གསོ་མི་དམངས་མོས་པའི་སློབ་གསོ་ཞིག་ཏུ་གཉེར་ཐུབ་པ་བྱུང་ཡོད་ལ། ལྷོ་བྲག་གི་མི་རབས་མང་པོར་ཕན་བདེའི་བྱ་བཟང་བཏོད་ནས་མཐའ་མཚམས་ཀྱི་སློབ་གསོའི་དབྱར་རྔ་དེ་ཡང་ལྗོངས་ནང་ཁུལ་དུ་གྲགས་ཐུབ་པ་བྱུང་བ་རེད།
བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70ལྷག་ཙམ་སོང་རིང་། རང་རེའི་ཏང་གི་ཡང་དག་པའི་དབུ་ཁྲིད་འོག་སྤྱིར་བོད་དུ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕེལ་རྒྱས་བྱུང་བ་དང་། ཡང་སྒོས་དབུལ་སྒྲོལ་འགག་སྒྲོལ་གྱི་བྱ་གཞག་རླབས་པོ་ཆེ་མངོན་འགྱུར་བྱུང་བ་ནི་སྤྱི་ཁྱབ་ཧྲུའུ་ཅིའི་བླ་ན་མེད་པའི་མཛད་འཕྲིན་དང་དམངས་ལ་བྱམས་པའི་བརྩེ་བ། དུས་ནམ་ཡིན་ཡང་མི་དམངས་མང་ཚོགས་དང་ཁ་བྲལ་དུ་མེད་པའི་འགྲོགས་བདེ་གཤིབ་བདེའི་ཐུགས་གཤིས། མང་ཚོགས་ཀྱི་ཁེ་ཕན་ཨང་དང་པོར་འཇོག་པའི་བདག་གཞན་མཉམ་བརྗེའི་ཐུགས་རྒྱུད་བཟང་པོ་བཅས་ལས་སྨིན་པའི་འབྲས་བཟང་ཡིན་པར་གོར་མ་ཆག་ཅིང་། སྒྱུར་བཅོས་སྒོ་དབྱེའི་སྲིད་བཟང་གི་དྲོད་རླུང་ལྡང་པས་བོད་མི་རིགས་ཀྱི་ལས་དབང་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་མ་ཟད། སྤྱི་ཚོགས་རྙིང་པའི་མུན་ནག་གི་འཚོ་བ་ལས་ཐར་ཏེ་རྒྱལ་ཁབ་ཀྱི་བདག་པོར་གྱུར་པ་དང་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་སྟེ་རང་དབང་དང་། དམངས་གཙོ། འཆམ་མཐུན་བཅས་ཀྱི་བདེ་སྐྱིད་འཚོ་བར་རོལ་ཐུབ་པ་བྱུང་བ་རེད། འདི་ལྟ་བུའི་མཆོང་སྐྱོད་རང་བཞིན་གྱི་རླབས་ཆེན་གྲུབ་འབྲས་ནི་མི་རབས་མང་པོའི་སེམས་དབུས་ཀྱི་རེ་བ་དང་མི་དམངས་དུང་ཕྱུར་བཅུ་བཞི་ལྷག་ཙམ་གྱི་ཕུགས་རེ་ཡང་རེད།
བོད་ཀྱི་རླབས་ཆེན་གྱི་གྲུབ་འབྲས་ནི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་སྤུན་ཟླའི་མི་རིགས་ཁག་གི་འཇུངས་མེད་ཀྱི་རོགས་སྐྱོར་དང་ཁ་བྲལ་ཐབས་མེད་ལ། སྒྱུར་བཅོས་སྒོ་དབྱེའི་སྲིད་བཟང་དང་དེ་བས་ཀྱང་ཁ་བྲལ་ཐབས་མེད། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70ལྷག་ཙམ་སོང་རིང་བོད་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་། རིག་གནས་འཛུགས་སྐྱོང་། སྐྱེ་ཁམས་ཤེས་དཔལ་འཛུགས་གཏོད་བཅས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ལ། སྐྱེ་ཁམས་སྔར་བས་བཟང་ཞིང་། ཡུལ་སྲོལ་ཤེས་དཔལ་དང་ལྡན་ལ། འཚོ་བ་འབྱོར་ཕྱུག་ལྡན་པ་བཅས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཆེད་དུ་དེ་བས་འབད་འཐབ་ལྷོད་མེད་བྱས་ཏེ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེང་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་མཐའ་མའི་རྒྱལ་ཁ་ལེན་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་པོ་ཆེ་ལེན་པ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས། ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅིའི་གལ་ཆེའི་བཀའ་མངགས་བློ་ལ་བརྟན་པོར་བཅངས་ཏེ་ལངས་ཕྱོགས་བརྟན་པོ་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ། འབད་འབུངས་ཡར་བརྩོན་བཅས་བྱས་ནས་ཏང་ཀྲུང་དབྱང་དང་ཏང་གི་མཛུབ་ཁྲིད་དགོངས་པར་མཐའ་གཅིག་ཏུ་སྲུང་བརྩི་ཞུས་ཏེ་དུས་རབས་གསར་པར་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་བྱ་སྤྱོད་ངོ་མར་བརྟེན་ནས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་གྱིས་མཛེས་སྡུག་ལྡན་པའི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་སླད་དུ་མུ་མཐུད་འབད་འཐབ་ལྷོད་མེད་བྱེད་དགོས་ལ། སྤྱི་ཁྱབ་ཧྲུའུ་ཅིས་བོད་མི་དམངས་ལ་དགའ་ཞེན་གནང་བའི་བླ་ན་མེད་པའི་བྱམས་བརྩེའི་གཟིགས་སྐྱོང་སྙིང་དབུས་སུ་བཅངས་ཏེ་བློ་བརྟན་འགྱུར་མེད་ངང་བསམ་བློའི་ཐོག་ནས་སྲོག་ཤིང་ལ་གུས་བཀུར་དང་། སྲོག་ཤིང་ལ་ཡིད་ཆེས། སྲོག་ཤིང་ལ་ལྷག་བསམ་རྣམ་དག བྱ་སྤྱོད་དངོས་ཀྱི་ཐོག་ནས་སྲོག་ཤིང་ལ་སྲུང་སྐྱོང་བཅས་བྱེད་དགོས།
རྣམ་དག་གཞུང་དྲང་སྲིད་བཟང་འོད་སྟོང་ཅན། །
རུལ་སུངས་ཚར་གཅོད་དམ་བཅའི་དཔའ་དར་བཙན། །
དམངས་ཀྱི་མོས་པ་གཅིག་ཏུ་མཐུན་མཛད་པའི། །
རྒྱལ་སྲིད་སྐྱོང་ལུགས་སྲིད་ན་འགྲན་ཟླ་བྲལ། །
དམངས་ཕན་བརྩེ་བས་ཉམ་ཐག་བུ་ཚ་བསྐྱངས། །
མཐོ་མནན་དམའ་སྐྱོང་ཐབས་ཀྱིས་ཀུན་ཕན་བསྐྲུན། །
ཚད་མའི་ལུགས་བཟང་དབྱིག་གི་ཁུ་བ་ཡིས། །
དམངས་ཕྱུག་རྒྱལ་དར་འདབ་བརྒྱ་ཅན་དེ་མཚར། །
ཀུན་སེམས་གཅིག་ཏུ་བསྒྲིལ་བའི་སྤྱོད་བཟང་ལས། །
ང་དྲུག་སྤུན་ཟླའི་བརྩེ་བ་བྲག་བཞིན་བརྟན། །
མཐུན་སྒྲིལ་འོ་ཆུ་གཅིག་འདྲེས་མཐུ་སྟོབས་ལས། །
དཔལ་ཡོན་མ་ལུས་ཀྲུང་ཧྭ་ཁྱོན་ལ་བཞད། །