དྲན་སེམས་སྣོལ་མར་སྡེབ་པའི་རི་མོ།
ལོ་མ་སེར་པོ་ཞིག་གི་ངོས་ལ་བྲིས་ནས།
ཡུལ་ལུང་འདི་དང་རིང་དུ་གྱེས་པའི།
ཕ་ཡུལ་ཞེས་པའི་རྨི་ལམ་གྱི་སྦར་མོ་རུ་ལྷུང་ན་ཆོག་གམ།
ཡར་ཀླུང་གཙང་གཞུང་གི་བར་སྦུག་གླིང་ནས།
རྣམ་དག་བུ་ཆུང་ཞིག་གི་ངོ་གདོང་།
འདབ་མ་རབ་ཏུ་གྲོལ་བའི་མེ་ཏོག་ལྟ་བུ།
དབྱར་གཞུང་དེ་དུས་དྲན་བྱུང་ལ།
གྲང་ངད་ཀྱིས་མནར་བའི་དགུན་ཟླ་འདི་རུ་ལྷག་ཏུ་དྲན།
སྐྱེ་སྟོབས་རབ་ཏུ་རྒྱས་པའི་ལྗང་མདོག་གི་ལོ་མ།
ངེས་པར་སྟོན་ཚིགས་བརྒྱུད་ནས་ཡོང་དོན་ཅི་ཡིན།
ད་བར་དུ་ངས་སྟོན་ཀ་ལ་འདི་ལྟར་གཤེ་མ་མྱོང་ལ།
ཕ་ཡུལ་གྱི་སྟོན་ཟླ་ཧ་ཅང་རིང་བའི་སྒང་འདིར།
ངས་བུ་ཆུང་དེ་ལ་ཁམས་བདེ་ཞེས་པའི་སྨོན་ལམ་ཞིག་སྤྲིངས་ཡོད།
ཉིན་མཚན་གྱི་དཀར་ནག་ངོགས་ནས།
དྲན་སེམས་ཀྱི་སྒེའུ་ཁུང་ཕྱེ་སྟེ་ལྟ་དུས།
ཁྲུང་ཁྲུང་དཀར་མོ། གཤོག་འགྱུར་ངོམ་ནས།
གྲེ་འགྱུར་ལྷང་ལྷང་། སྟར་ལ་འཕུར་སོང་།
ད་ནི་ངས་ཕ་ཡུལ་ལ་རྣ་བ་ཇི་ལྟར་བླགས་དགོས་ཨང་།
ཏག་ཏག འུ་གཉིས་གྱེས་དུས།
དབྱར་དུས་ཀྱི་རྩྭ་ཐང་ལ་ལང་ཚོའི་ཁ་མདོག་རྒྱས་དུས་ཡིན།
ད་ནི་སྟོན་གྱི་མཇུག་མ་དགུན་གྱི་སྣེ་མོ་རུ་བཀོན་རུང་།
འཛོམས་དུས་ལ་ད་དུང་ཁ་ཆད་མིན་འདུག་པས།
ཕན་ཚུན་ལ་ཐུགས་འཇགས་གནང་དགོས།
ཐེངས་རེ་རེ་བཞིན་དུ་གླེང་མི་ཕོད་པའི་དྲན་སེམས།
མིག་ཟུང་བཙུམས་དུས་སེམས་ཀྱི་མེ་ལོང་ན་ལྷག་ཏུ་འཕྱོ།
འདི་གར་གྲང་ངད་ཀྱི་རླུང་བུ་ཤིན་ཏུ་རྒོད་ཅིང་།
ཕ་ཡུལ་དུ་ཡང་གྲང་ངར་ཤས་ཆེ་བས།
འཛུམ་མདངས་དེ་གཏན་དུ་ཡལ་བ་མ་གནང་།
བུ་ཆུང་ཞིག་གི་ངོ་གདོང་ལྷག་ཏུ་དྲན།
དྲན་བཞིན་དྲན་བཞིན་ཟླ་ངོ་བཞི་ལ་ཉེ་སོང་།
བུ་ཆུང་དེ་ལ་བཀྲ་ཤིས་བསམ་གྲུབ་ཟེར།
ངོ་གདོང་དེ་ལ་ལྷད་མེད་ཀྱི་འཛུམ་མདངས་ལྡན།