དགེ་མཚན་ཡོངས་འདུས་མེས་རྒྱལ་ས་གཞི་ཆེའི། །
མཐོ་སྒང་མངལ་ན་མན་ཤེལ་ལྷུན་པོ་བརྗིད། །
མུ་མེད་སྟར་ལ་བརྒྱུས་པའི་ས་འཛིན་དབུས། །
བརྗིད་པར་འགྱིང་བ་ཉི་ཟླའི་ཁྱིམ་མཚེས་ཡུལ། །
རི་མཐོ་ཆུ་གཙང་སྤང་གཤོང་མཚར་སྡུག་ཅན། །
ཀུན་ཡིད་བརྟན་པ་འཕྲོག་ནུས་གངས་ཅན་ལྗོངས། །
ཡིད་འོང་མཐོ་རིས་དགའ་ཚལ་དང་མཚུངས་མོད། །
འཛིན་མའི་གཙུག་ཏུ་ཆགས་པས་རྣམ་པར་དབྱེ། །
སྣ་ཚོགས་རིན་ཆེན་བྱེ་བས་ཡོངས་བཀངས་ནས། །
མཐོ་སྒང་ནོར་འཛིན་སྙིང་པོར་ཆགས་པའི་གནས། །
ངོ་མཚར་ལོ་རྒྱུས་རིག་གནས་བལྟམས་པའི་ས། །
དབུས་གཞུང་ལྷ་ལྡན་འཛམ་གླིང་མཛེས་པའི་རྒྱན། །
གསེར་སྦྱངས་བཙོ་མའི་རིན་ཆེན་རྒྱ་ཕིབས་འོག །
ལྷ་ཡི་ཁང་བཟང་རི་བོ་གྲུ་འཛིན་མཚར། །
དེ་རུ་གནས་པའི་རྒན་དར་གཞོན་གསུམ་ཚོགས། །
མཛའ་མཐུན་མཉམ་ལས་བདེ་སྐྱིད་འཚོ་བར་རོལ། །
གངས་ཅན་ལོ་རྒྱུས་ཆུ་འགོའི་བང་མཛོད་ནས། །
ཡུམ་བུ་བརླ་མཁར་གྲགས་པ་ཡོངས་སུ་ཁྱབ། །
མ་རྨོས་འབྲུ་སྣ་ཐང་དུ་བསྙིལ་བའི་བཅུད། །
མགོ་ནག་བོད་མིའི་འཚོ་བའི་རྟེན་དུ་གྱུར། །
གཉའ་ཁྲི་བཙན་པོའི་གདུང་རྒྱུད་དྭངས་མ་ལས། །
རིམ་པར་བྱོན་པའི་མེས་པོའི་མཛད་འཕྲིན་རྒྱས། །
ལོ་ཟླའི་འཕེལ་འགྲིབ་དུས་ཀྱི་འགྱུར་བག་ཁྲོད། །
ཡར་ཀླུང་སྙན་གྲགས་རླུང་དང་བསྡེབས་ཏེ་འཕུར། །
ས་འཛིན་ཇོ་མོ་གླང་མས་བྲོ་གར་འཁྲབ། །
བདུད་རྩི་མྱང་ཆུ་གཙང་པོས་གླུ་དབྱངས་ལེན། །
གཙང་ཡུལ་ནོར་འཛིན་ལོ་ལེགས་གདན་ས་ནས། །
ཞིང་ལས་ཚན་རིག་དང་འགྲོགས་གཏམ་བཟང་སྙན། །
ཕ་དང་ཨ་ཁུས་བུ་ལ་མིག་དཔེ་སྟོན། །
མ་དང་སྲུ་མོས་བུ་མོར་ཡ་རབས་སློབས། །
ལས་ལ་བརྩོན་ཞིང་རྣམ་དཔྱོད་རབ་བཀྲ་བའི། །
གཙང་པའི་ཕོ་གཞོན་ཡར་ཐོན་ལམ་དུ་ཞུགས། །
སཱ་ལའི་ལྗོངས་འདིའི་མཛེས་པའི་དཔལ་ཡོན་དག །
ལེགས་བྱས་ལྗོན་པའི་དྲི་དང་འགྲོགས་པའི་གནས། །
སུམ་རྩེན་སྙེམས་པ་འཕྲོག་པའི་ཞིང་ཁམས་སུ། །
གནམ་ལྕགས་འབར་བས་ཆད་མེད་བདུད་རྩི་འཇོ། །
རང་བྱུང་མཛེས་སྡུག་བྲག་གསུམ་མཚེའུའི་ངོགས། །
ཨ་དར་རྒྱལ་པོའི་གཏམ་རྒྱུད་རྣ་བར་སྙན། །
ཨ་སྐྱིད་མཛངས་མའི་མཛེས་སྡུག་ལང་ཚོ་ཡིས། །
ཕྱི་ནང་གཉིས་ཀྱི་ལྗོངས་རྒྱུའི་ཡིད་དབང་བཀུག །
སྙན་འགྱུར་བྱེ་བ་ཕྲག་བརྒྱའི་བསྟོད་ཚིག་མཛོད། །
ཁམས་པའི་པི་ཝང་རོལ་ཆའི་རམ་བུའི་ཁྲོད། །
གངས་རིའི་འཇིག་རྟེན་ཁེངས་པ་བསྙིལ་བྱེད་པའི། །
ཆུ་གཉིས་བར་ཆགས་ཆབ་མདོ་ནོར་བུའི་ས། །
གངས་ཆབ་དྭངས་མས་གསོས་པའི་ལུས་སྟོབས་བཟང་། །
དཀའ་བའི་ཁུར་ཆེན་ཕྲག་ཏུ་ལེན་ལ་དཔའ། །
ཨ་ཕོ་ཁམས་པའི་དཀའ་སྤྱད་འབད་འབུངས་ལས། །
ཞི་མཐུན་ཆབ་མདོ་ངོ་མཚར་འབུམ་གྱིས་དཀྲིགས། །
ཁ་བའི་འདབ་མ་རླུང་གིས་གསེད་པ་ལས། །
སྲིད་པའི་མགུར་ལྷ་གཉན་ཆེན་ཐང་ལྷ་ཆགས། །
གནམ་མཚོ་ཕྱུག་མོར་མ་བོས་མགྲོན་འདུས་པས། །
བྱང་ཐང་མཛེས་སྡུག་གཡང་ཆགས་རྡོ་རིང་བཞེངས། །
མར་གད་མདངས་འཛིན་རྩྭ་ཐང་ཡངས་པོའི་སྟེང་། །
དཀར་ནག་ཕྱུགས་ཀྱི་འཕེལ་ཁ་དབྱར་མཚོ་རྒྱས། །
ལྷག་བསམ་དཀར་བའི་བྱང་ཐང་འབྲོག་པ་ཚོ། །
སྣང་སྲིད་དགའ་བ་སྐྱེད་པའི་རྒྱན་དུ་མཚར། །
ཏི་སེའི་རྩེ་ནས་གསེར་གྱི་ཉི་འོད་ཤར། །
གྲུ་ཆར་བསྙིལ་ནས་མགྲོན་གྱི་བསུ་མ་མཛད། །
མ་ཕམ་གཡུ་མཚོས་མཐུན་སྒྲིལ་གསེར་ཟམ་བཙུགས། །
སྣོད་བཅུད་གཉིས་ལ་འཚེ་མེད་ཞི་བདེར་རོལ། །
ཨེ་མ་དེང་དུས་གངས་ལྗོངས་སུམ་རྩེན་དཔལ། །
དྲི་བྲལ་གསར་དུ་འཕོས་པ་སཱ་ལའི་ལྗོངས། །
སྔོན་མེད་མཛེས་སྡུག་རྒྱས་པའི་ངོ་མཚར་གཏམ། །
སྐབས་གསུམ་གནས་སུ་གླེང་བའི་བརྗོད་བྱར་གྱུར། །
སྲིད་ཇུས་རི་བོང་འཛིན་པའི་ལང་ཚོ་ཅན། །
དགྱེས་པའི་འཛུམ་ཞལ་དགོད་པའི་ཉམས་འགྱུར་སྟོང་། །
ཀུ་མུད་མཛེས་སྡུག་གྲོགས་སུ་གྱུར་པ་ལྟར། །
གངས་ཅན་རི་ཀླུང་བཀོད་པ་རྨད་དུ་བྱུང་། །
དབུལ་ཕོངས་སྡུག་བསྔལ་གྲང་རེག་སྟེར་བའི་དགུན། །
སྒྲོལ་བྱེད་གནད་སྨིན་སྲིད་ཇུས་དཔྱིད་དཔལ་གྱིས། །
ཉེ་བར་དྲངས་པའི་འཕྲིན་བཟང་དབྱར་སྐྱེས་རྔ། །
ཐོས་པས་ལུས་ཅན་མདོངས་མཐའ་གར་ལ་རོལ། །
མི་རིགས་གོམས་སྲོལ་སྐྱོང་བའི་ཉིན་མོར་བྱེད། །
འཆི་མེད་ལམ་དུ་གཟི་འོད་སྣང་བ་འབར། །
རིག་གནས་སྟོན་མོའི་ཡིད་འཕྲོག་ཉམས་བཟང་ལས། །
གངས་ཅན་ཞིང་འབྲོག་དགྱེས་པའི་འདབ་སྟོང་གྲོལ། །
རིན་ཆེན་འབྱུང་གནས་ཆབ་ཀྱིས་གཞིལ་མིན་ཞིང་། །
ཚ་ཟེར་ཅན་གྱིས་ཞི་བར་མི་འགྱུར་བའི། །
ཏང་གི་ཡང་དག་སྲིད་ཇུས་མེ་ལྕེ་ཡིས། །
དབུལ་ཕོངས་སྡུག་བསྔལ་ལྕགས་སྒྲོག་ཡོངས་སུ་བཞུས། །
ར་རིའི་དྲི་བྲལ་སྟོན་གྱི་སྔོ་བསངས་མར། །
བཅུ་ཕྲག་རིག་གནས་ཉི་མ་གཞོན་ནུའི་དཔལ། །
འགོག་མེད་ཤར་བས་བློ་ལྡན་པད་དཀར་ཚོགས། །
དགྱེས་འཛུམ་འདབ་མའི་ཕྲེང་བ་འདི་ནས་བཞད། །
བཅུ་དྲུག་ལང་ཚོ་རྫོགས་པའི་སྐལ་ལྡན་ཚོས། །
བཅུ་ཕྲག་རིག་གནས་བདུད་རྩིའི་བཅུད་མྱོང་བཞིན། །
ཚན་རིག་འཕྲུལ་གྱི་མན་ངག་ཉེར་བཟུང་སྟེ། །
གངས་ལྗོངས་ངོ་མཚར་དཔེ་རིས་འགོད་ལ་བྲེལ། །
འཚོ་རྟེན་ཞིང་ཁ་དངུལ་གྱི་གཞོང་པ་ཆེར། །
སྨིན་ལེགས་སྙེ་མ་གསེར་གྱི་རྦ་རླབས་འཕྱུར། །
གྲགས་ཅན་ཐོན་རྫས་སྦྲང་དཀར་རྩམ་པས་གཙོས། །
ནས་ཀྱི་ཐོན་རྫས་སྣ་ཚོགས་དཔྱིད་དཔལ་ཤར། །
བགྲང་ཡས་རྐང་བཞི་རྒྱུ་སྐར་ཚོགས་ཀྱི་ཟླ། །
ལྷ་ལམ་ཡངས་པའི་ཁམས་སུ་ཤོང་མིན་པ། །
བསིལ་ལྗོངས་གསེར་ལྡན་དགའ་མའི་ལྟོ་བ་རུ། །
དོག་མེད་ཤོང་འདི་ཨེ་མ་ངོ་མཚར་ཆེ། །
མར་ཕྱུར་བལ་སོགས་རིན་ཆེན་བང་མཛོད་གཏེར། །
མངལ་དུ་ཁུར་བའི་བསིལ་ལྡན་ཁ་བ་ཅན། །
སྙན་དང་གྲགས་པ་སྟོང་གསུམ་འཇིག་རྟེན་ཁྱོན། །
རིས་མེད་འཕུར་བའི་ངོ་མཚར་དཔལ་ལ་ལྟོས། །
རབ་ཡངས་བསིལ་ལྗོངས་ཡིད་འཕྲོག་སྐྱེད་ཚལ་དུ། །
རབ་མཛེས་ཞིང་འབྲོག་གཞོན་ནུ་འདབ་ཕྲེང་དགོད། །
རབ་མཆོག་ཚོང་གི་ལས་རིགས་དོན་གཉེར་བའི། །
རབ་མང་ཕྱུག་འགྱུར་སྣེ་ཁྲིད་ཟློས་གར་འཁྲབ། །
སྲིད་པའི་སྒྲོན་མེ་སྔོ་བསངས་མཁའ་རུ་རྩེན། །
མཚར་སྡུག་པད་མ་སྐྱེད་མོས་ཚལ་ན་མཛེས། །
རྐང་དྲུག་ཆུ་སྐྱེས་འདབ་མའི་མཐའ་རུ་འཁོར། །
མང་ཚོགས་ཕྱུག་འགྱུར་དགའ་བདེའི་དཔལ་ལ་རོལ། །
གངས་ཅན་ལོ་འདབ་རབ་རྒྱས་ལྗོན་པའི་རྩེར། །
སྲིད་འབྱོར་མདངས་ལྡན་འབྲས་བཟང་སྨིན་ལེགས་འདིས། །
ཀུན་དགའི་དཔལ་གྱི་དགའ་སྟོན་སྐྱེད་བྱེད་པས། །
དྲི་ཟའི་སྒེག་མོ་རྣམས་ཀྱང་གཟིགས་མོར་བྱོན། །
རྨད་བྱུང་ཏང་གི་གངས་རིའི་ཆུ་འགོ་ལས། །
འབབ་པའི་སྲིད་བཟང་ཡན་ལག་བརྒྱད་ལྡན་ཉིད། །
གངས་རིའི་ལྗོངས་སུ་བཞུར་བའི་ལེགས་བྱས་ལས། །
གངས་ལྗོངས་ཞིང་འབྲོག་སེམས་ཀྱི་ཞིང་ས་བརླན། །