དབུ་ཤོག>བོད་ཀྱི་རིག་གནས།
  • ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-03

    2022ལོར་ལྷོ་ཁ་གྲོང་ཁྱེར་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་དང་སྲིད་གཞུང་དང་བློ་སེམས་གཅིག་མཐུན་དང་། བློ་ཁ་གཅིག་མཐུན། བསམ་སྦྱོར་གཅིག་མཐུན་བཅས་ཀྱི་སྒོ་ནས་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་སོགས་ཀྱི་ཚོད་བགམ་ཆེན་པོ་ཐེག་ནས“མོས་སེམས་ལྔ”དེ་བས་བརྟན་དུ་བཏང་བ་ཕྱོགས་གསུམ་གྱི་ཐད་ནས་མཚོན་ཡོད་དེ། གཅིག་ནས་བརྟན་ལྷིང་ཐད་བསམ་གཞིག་དང་བརྟན་ལྷིང་བརྩོན་ལེན་བྱས་ཏེ་ཐུན་མོང་ཐོག་ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱས་ཡོད། ལྷོ་ཁ་གྲོང་ཁྱེར་གྱི་རྒྱ་ཆེའི་གྲྭ་བཙུན་ཚོས་རང་འགུལ་ངང་བརྟན་ལྷིང་ཐད་བསམ་གཞིག་དང་བརྟན་ལྷིང་བརྩོན་ལེན་བྱེད་པའི་འདུ་ཤེས་ཟབ་ཏུ་བཏང་བ་དང་རང་འགུལ་ངང་འཐབ་རྩོད་མཐའ་གཅིག་ཏུ་བྱས་ནས་གྲྭ་བཙུན་མི་རེ་ངོ་རེས་དགོན་སྡེ་ཁྱིམ་ཚང་དུ་བརྩིས་ཏེ་དགོན་སྡེའི་དོ་དམ་ཨུ་ལྷན་ལ་གཞོགས་འདེགས་ཧུར་ཐག་གིས་སྐོར་གཡེང་དོ་དམ་ཚོད་འཛིན་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ཏེ་ཐུན་མོང་ཐོག་དགོན་སྡེའི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱས་པ་དང་། གཉིས་ནས་བློ་སེམས་གཅིག་སྒྲིལ་བྱས་ཏེ་ཆོས་ལུགས་ཁྱབ་ཁོངས་དྭངས་གཙང་དང་རིམས་ནད་མི་ཐོན་པ་ཐུན་མོང་ཐོག་རྒྱུན་འཁྱོངས་བྱས་ཡོད། རྒྱ་ཆེའི་ཆོས་ལུགས་ལས་རིགས་མི་སྣས་རང་འགུལ་ངང་རིམས་ནད་འགོག་པ་དང་། བསམ་ཡས་གཙུག་ལག་ཁང་སོགས་དགོན་སྡེས་རང་འགུལ་ངང་ཕྱི་ཕྱོགས་སུ་སྒོ་འབྱེད་མཚམས་གནས་སྐབས་འཇོག་པའི་རེ་འདུན་ཕུལ་བ། རིམས་འགོག་དངོས་ཟོག་གྲབས་གསོག་བྱས་པ། ཞལ་འདེབས་སྒོར་ཁྲི་200ལྷག་ཙམ་གྲབས་གསོག་ཧུར་ཐག་བྱས་ནས་དགོན་སྡེའི་ཉེ་འཁོར་མང་ཚོགས་ཀྱིས་ཐུན་མོང་ཐོག་རིམས་ནད་འགོག་པར་རོགས་རམ་བྱས་པ། གསུམ་ནས་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ“འདུ་ཤེས་གསུམ”གྱི་དྲིལ་བསྒྲགས་སློབ་གསོའི་ལས་དོན་ཧུར་ཐག་སྤེལ་ཡོད། དགོན་སྡེ་དོ་དམ་ཨུ་ལྷན་གྱི་སྒྲིག་འཛུགས་འོག་རྒྱ་ཆེའི་གྲྭ་བཙུན་ཚོས“འདུ་ཤེས་གསུམ”གྱི་དྲིལ་བསྒྲགས་སློབ་གསོ་སྤེལ་བ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ཟུང་འབྲེལ་དམ་ཟབ་དང་། བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་བསམ་བློ་རྒྱུན་གཏན་གྱི་གཏམ་སྤྱོད་དུ་དོན་འཁྱོལ་གྱིས་གྲྭ་བཙུན་ཚང་མ་རྒྱལ་ཁྲིམས་དང་ཆོས་ཁྲིམས་ཀྱི་ཁྱབ་ཁོངས་སུ་སྒོམ་སྒྲུབ་ཐུབ་པར་བྱས་ཡོད།

    ཆོས་ལུགས་ལས་རིགས་ཀྱི་མི་སྣ་ཞིག་གི་ངོས་ནས་ངས་དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་ནས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་གཅེས་སྐྱོང་ཚོར་བྱུང་ལ་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་སྤྱི་ཚོགས་ལས་རིགས་ཁག་གི་ཁོང་ཡངས་རྒྱབ་སྐྱོར་ཡང་ཚོར་བྱུང་བས། རང་ཉིད་དུས་རབས་འདིར་འཚོ་བ་སྐྱེལ་བར་ཧ་ཅང་དགའ་པོ་འདུག ཉིན་ཤས་གོང་གྲོལ་བའི་ལྷོ་ཁ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་སྐབས་གཉིས་པའི་འཐུས་མི་ཚོགས་ཆེན་ཐོག་རང་ཉིད་གཟི་བརྗིད་ངང་ལྷོ་ཁ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་སྐབས་གཉིས་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོར་བདམས་ཐོན་བྱུང་བས་འགན་འཁྲི་ལྕི་བ་སྔར་བས་ཚོར་བྱུང་། ངས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྲིད་སྟོན་དུ་བྱས་ཏེ། རྒྱ་ཆེའི་གྲྭ་བཙུན་རྣམས་ཀྱི་སྣེ་ཁྲིད་དེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་ཀྱིས“ཚད་གཞི་བཞི”ལ་བརྩི་སྲུང་ཧུར་ཐག་ཞུ་བ་དང་། “བཟང་པོ་བཞི་ལྡན་གྱི་དགེ་འདུན་པ”ཧུར་ཐག་བྱས་ནས་དགོན་སྡེའི་གྲྭ་བཙུན་ཚོར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་གསོ་ཁྲིད་སྟོན་དང་། ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར། རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆ་མཐོན་པོར་སྒྲེང་བ། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བཅས་བྱས་ཏེ་མི་རིགས་ཁ་ཕྲལ་དང་ཆོས་ལུགས་ཐལ་སྐྱོད་ལ་དོགས་ཟོན་དང་བཀག་འགོག་མཐའ་གཅིག་ཏུ་བྱེད་ཀྱི་ཡིན། ཆོས་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་བོད་བརྒྱུད་ནང་བསྟན་གྱི་སྐྱོན་བྲལ་རྒྱུན་འཛིན་དང་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་གི་ཡིན། གྲྭ་བཙུན་ཚོས་བློ་རྩེ་གཅིག་སྒྲིམ་ངང་སྒོམ་སྒྲུབ་བྱེད་པ་དང་། བོད་བརྒྱུད་ནང་བསྟན་གྱི་གསུང་རབ་ཡག་པོ་སྦྱོང་བ། ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་ནུས་པ་ཐོན་པ་བཅས་ཀྱི་གྲྭ་བཙུན་ཡག་པོ་ཞིག་བྱེད་པའི་བརྩོན་ལེན་བྱེད་དགོས་པའི་ཁྲིད་སྟོན་བྱེད་ཀྱི་ཡིན། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་བོད་བརྒྱུད་ནང་བསྟན་གྱི་ཆོས་སྤེལ་རེས་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་གིས་བཙུགས་ནས་གྲྭ་བཙུན་གྱི་ཀུན་སྤྱོད་བློ་སྦྱོང་དང་ཆོས་ལུགས་ཀྱི་ཡོན་ཚད་མཐོ་རུ་ཏན་ཏིག་གཏོང་གི་ཡིན། བླ་མ་དང་སྤྲུལ་སྐུ་སྒྲིག་འཛུགས་ཧུར་ཐག་བྱས་ནས་སྐོར་སྐྱོད་སྒྲོག་འགྲེལ་བྱེད་པ་དང་། རྒྱ་ཆེའི་གྲྭ་བཙུན་ཚོར་ཡང་དག་པའི་ལྟ་བ་འཛུགས་པའི་ཁྲིད་སྟོན་བྱས་ནས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་བྱེད་པའི་ལས་དོན་ཁག་ཏན་ཏིག་དང་ཞིབ་ཚགས་སྒྲུབ་པར་ཁྲིད་སྟོན་བྱེད་ཀྱི་ཡིན།

    (རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་ཨུ་ཡོན་དང་། ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ལྷོ་ཁ་གྲོང་ཁྱེར་གྱི་སྲིད་གྲོས་ཀྲུའུ་ཞི་གཞོན་པ་དང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ)

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།