ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཀྱི་རྣམ་པ་བཟང་པོ་མུ་མཐུད་སྲ་བརྟན་དུ་གཏོང་གི་ཡིན།
གཅིག ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་གི་ཡིན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང“རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས”ཞེས་བསྟན་ཡོད། དུས་རབས་གསར་པའི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་ཞིག་ཡིན་པའི་ཆ་ནས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་ཏེ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བའི་ལས་འགན་ཏན་ཏིག་སྒྲུབ་པ་དང་། བཅའ་ཁྲིམས་ཁྲིམས་སྲོལ་དང་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སློབ་སྦྱོང་དང་ཤེས་རྟོགས་བྱེད་ཚད་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ། བོད་བརྒྱུད་ནང་བསྟན་གྱི་དོན་དངོས་དང་ཟུང་འབྲེལ་དམ་པོར་བྱེད་པ། རྙིང་ཞེན་བག་ཁུམ་གྱི་བསམ་བློ་སེལ་བ། དེང་རབས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་བབ་དང་ཟུང་འབྲེལ་བྱེད་པ། བོད་བརྒྱུད་ནང་བསྟན་གྱི་གསུང་རབ་བསྟན་དོན་དང་། འདུལ་ཁྲིམས་ལམ་ལུགས། བྱ་སྤྱོད་ཚད་ལྡན་སོགས་ལ་བགྲོ་གླེང་གཏིང་ཟབ་བྱས་ནས། གང་དག་མཐའ་འཁྱོངས་དང་རྒྱུན་འཛིན་བྱེད་དགོས་པ་དང་། གང་དག་འཐུས་སྒོ་ཚང་དུ་དང་འཕེལ་རྒྱས་གཏོང་དགོས་པ། གང་དག་ལེགས་སྒྲིག་དང་དོར་དགོས་པ་གསལ་པོ་ཤེས་པར་བྱེད་པ། རྙིང་དོར་གསར་འཛུགས་ཀྱི་སྙིང་སྟོབས་དང་གཟབ་ནན་མཁྲེགས་གཏུག་གི་ངར་ཤུགས་ལ་བརྟེན་ནས་ཕན་མེད་ཀྱི་ནང་དོན་དོར་བ་དང་ལུགས་རྙིང་སྲོལ་ངན་ལ་འགྱུར་ལྡོག་བཏང་སྟེ་བོད་བརྒྱུད་ནང་བསྟན་ཟམ་མི་ཆད་པར་ཡར་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་གི་ཡིན།
གཉིས། “འདུ་ཤེས་གསུམ”གྱི་དྲིལ་བསྒྲགས་སློབ་གསོ་ཧུར་ཐག་སྤེལ་ཡོད། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི“འདུ་ཤེས་གསུམ”གྱི་སློབ་གསོ་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཆོས་ལུགས་ལས་རིགས་མི་སྣར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་རྒྱལ་ཁབ་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས“རྒྱལ་ཁབ་ཆོས་ལུགས་ལས་ལྷག་པའི”འདུ་ཤེས་བརྟན་པོ་འཛུགས་པ་དང་། སྤྱི་དམངས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ“ཆོས་དད་མང་ཚོགས་ནི་དང་ཐོག་སྤྱི་དམངས་ཡིན་པའི”འདུ་ཤེས་བརྟན་པོ་འཛུགས་པ། ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་སྟེ“རྒྱལ་ཁྲིམས་ཆོས་ཁྲིམས་ལས་ལྷག་པའི”འདུ་ཤེས་བརྟན་པོ་འཛུགས་དགོས། ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་ཞིག་ཡིན་པའི་ངས“འདུ་ཤེས་གསུམ”གྱི་དྲིལ་བསྒྲགས་སློབ་གསོའི་འབྲེལ་ཡོད་ནང་དོན་སློབ་སྦྱོང་ནན་ཏན་དང་གོ་བ་ཟབ་མོ་ལེན་པ་མ་ཟད། ད་དུང་རིམ་ཁག་སྲིད་གཞུང་དང་དགོན་སྡེ་དོ་དམ་ཨུ་ལྷན་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ་དྲིལ་བསྒྲགས་ཀྱི་ལས་དོན་ལེགས་པར་བསྒྲུབས་ནས་རྒྱ་ཆེའི་གྲྭ་མང་ཁྲོད་སློབ་སྦྱོང་དང་། དྲིལ་བསྒྲགས། དོན་འཁྱོལ་བཅས་ཡག་པོ་བྱ་རྒྱུར་སྣེ་ཁྲིད་བྱེད་ཀྱི་ཡིན། རྒྱ་ཆེའི་གྲྭ་བཙུན་རྣམས་ལ་གནག་སེམས་དང་གནོད་སེམས་མི་འཆང་བ་དང་། གཞན་ཕན་སྒྲུབ་པ། དགེ་ཕྱོགས་སུ་ཁྲིད་སྟོན་བཅས་ཀྱི་སྤྱི་དམངས་བཟང་པོ་དང་གྲྭ་བཙུན་བཟང་པོ་བྱ་རྒྱུའི་ཤུགས་རྐྱེན་དང་སྐུལ་ཁྲིད་བྱས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་ལ་བློ་བརྟན་འགྱུར་མེད་ཀྱིས་གུས་བཀུར་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་ཞུ་བ་དང་། ཕྱི་ཕྱོགས་དགྲ་ཡའི་ཁ་ཕྲལ་ཕྱོགས་གཏོགས་ཀྱི་འགོག་རྐྱེན་དང་། སིམ་འཛུལ། གཏོར་བཤིག་བཅས་ལ་བཀག་འགོག་མཐའ་གཅིག་ཏུ་བྱེད་པ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དབར་དབྱེ་མཚམས་གསལ་པོ་མཐའ་གཅིག་ཏུ་ཕྱེ་བ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཆབ་སྲིད་ཐད་ཀྱི་ལོག་སྤྱོད་རང་བཞིན་དང་། ཆོས་ལུགས་ཐད་ཀྱི་གཡོ་རྫུས་རང་བཞིན། བྱ་ཐབས་ཐད་ཀྱི་མགོ་སྐོར་རང་བཞིན་བཅས་ལ་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་གྱི་ཡིན།
གསུམ། ཏང་དང་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས“ཚད་གཞི་བཞི”ལ་བརྩི་སྲུང་དང་། “བཟང་པོ་བཞིའི་དགེ་འདུན་པ”བརྩོན་ལེན་བྱེད་ཀྱི་ཡིན། ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་མི་སྣའི་བཞུགས་མོལ་ཚོགས་འདུའི་ཐོག་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས“ཚད་གཞི་བཞིར”རྒྱས་བཤད་གཏིང་ཟབ་གནང་བས་ང་ཚོས་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་བསླབ་བྱ་ནན་པོ་བློ་ལ་བརྟན་པོར་ངེས་ཏེ“ཚད་གཞི་བཞིར”བརྩི་སྲུང་ཞུ་རྒྱུར་སྣེ་ཁྲིད་བྱེད་པ་དང་། བོད་བརྒྱུད་ནང་བསྟན་གྱི“རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། སྡིག་སྤོང་དགེ་སྒྲུབ། ཞི་མཐུན་ལ་བརྩི་མཐོང་། ཞི་བདེར་རེ་སྨོན”བཅས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་ནས། རྒྱལ་གཅེས་ཆོས་གཅེས་ཀྱི་སྐྱེས་ཆེན་དམ་པ་རིམ་འབྱོན་མིག་དཔེར་འཛིན་ཏེ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་རང་རྟོགས་ངང་བརྩི་སྲུང་ཞུ་བ་དང་དགོན་སྡེའི་ཆོས་ཁྲིམས་ནན་པོ་སྲུང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རང་རྟོགས་ངང་ལག་ལེན་བསྟར་བ། “དགོན་སྡེ་དང་། གྲྭ་བཙུན། ཆོས་ལུགས”བཅས་ལ་ཕན་པའི་བྱ་བ་མང་ཙམ་སྒྲུབ་པ། ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཀྱི་རྣམ་པ་བཟང་པོ་མུ་མཐུད་སྲ་བརྟན་དུ་བཏང་ནས་ཏང་དང་སྲིད་གཞུང་གི་ཚད་མཐོའི་ཡིད་ཆེས་དང་རེ་བ་ཟབ་མོ་ཆུད་ཟོས་སུ་གཏན་ནས་གཏོང་གི་མིན།
(རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན། ཉིང་ཁྲི་གྲོང་ཁྱེར་སྲིད་གྲོས་ཀྱི་རྒྱུན་ཨུ། ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ། སྤོ་བོ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཆུ་འཛོམས་དགོན་གྱི་སྤྲུལ་སྐུ)