བློ་བརྟན་འགྱུར་མེད་ཀྱིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་གི་ཡིན།
གཅིག རྒྱལ་གཅེས་ཡར་ཐོན་མཐའ་འཁྱོངས་བྱས་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་ཀྱི་ཡིན། 2021ལོར་ང་ཚོས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་དུས་བཟང་བསུས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་དུ་ལས་དོན་ལ་རྟོག་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་ནས་བོད་ཀྱི་ཆོས་ལུགས་ལས་རིགས་མི་སྣའི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་ཡོད། ལེ་དབར་སྟོང་གི་བར་ཐག་ཆོད་མོད། འོན་ཀྱང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོ་ཆོས་ལུགས་ལས་རིགས་མི་སྣར་ཐུགས་ཁུར་དང་གཅེས་སྐྱོང་གནང་བ་ལས་ང་ཚོས་དྲོ་སྐྱིད་ལྷག་པར་ཚོར་བྱུང་།
2022ལོར། ང་ཚོས་སླར་ཡང་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པར་བསུ་བ་ཞུས་ཤིང་། རྒྱ་མཚོ་གླིང་དགོན་པས་དགེ་འདུན་པ་ཡོངས་སྒྲིག་འཛུགས་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འགོ་འཛུགས་མཛད་སྒོ་དང་མཇུག་འགྲིལ་མཛད་སྒོར་ལྟ་ཉན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་སྙན་སྒྲོན་སློབ་སྦྱོང་ནན་ཏན། ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བཅས་བྱས་ཡོད། སློབ་སྦྱོང་བྱས་པ་བརྒྱུད་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་དགོན་སྡེའི་དགེ་འདུན་པ་ཡོངས་ཀྱི་གདེང་ཚོད་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད།
གཉིས། ཁྲིམས་སྲུང་སྒྲིག་བཀུར་མཐའ་འཁྱོངས་བྱས་ནས“འདུ་ཤེས་གསུམ”གྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ཡོད། ལྗོངས་ཏང་ཨུད་དང་ཆབ་མདོ་གྲོང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། རྒྱ་མཚོ་གླིང་དགོན་གྱིས་འདུ་ཤེས་གསུམ་གྱི་དྲིལ་བསྒྲགས་སློབ་གསོ་ཧུར་ཐག་སྤེལ་ཏེ་དགེ་འདུན་པ་སྒྲིག་འཛུགས་བྱས་ནས《ཆོས་ལུགས་ལས་དོན་གྱི་སྲོལ་ཡིག》དང《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱ་ཐབས》སོགས་རྒྱལ་ཁབ་ཀྱིས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་བཅའ་ཁྲིམས་ཁྲིམས་སྲོལ་སློབ་སྦྱོང་ནན་ཏན་དང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བཏོན་པའི་སྲིད་ཇུས་ཡིག་ཆར་སློབ་སྦྱོང་བྱས་ནས“རྒྱལ་ཁབ་ཆོས་ལུགས་ལས་ལྷག་པ”དང་། “ཆོས་དད་མང་ཚོགས་ནི་དང་ཐོག་སྤྱི་དམངས་ཡིན་པ” “རྒྱལ་ཁྲིམས་ཆོས་ཁྲིམས་ལས་ལྷག་པ”བཅས་ཀྱི་འདུ་ཤེས་ཟབ་ཏུ་བཏང་བས་ཚང་མའི་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད།
2022ལོའི་ཟླ་8པ་ཚུན་དུ། རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པས་ང་ཚོས་སྒྲོག་འགྲེལ་སློབ་གསོ་སྤེལ་སྟངས་ལེགས་སུ་ཧུར་ཐག་བཏང་ནས་དྲ་ཐོག་ཏུ་སློབ་གསོ་སྤེལ་བ་དང་། དྲ་ཐོག་ནས་བརྙན་ལམ་ལ་ལྟ་བ། ཁྱིམ་སྡོད་རང་སྦྱོང་སྒྲིག་འཛུགས་བཅས་བྱས་པས་རིམ་བཞིན་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་རྒྱ་ཆེའི་ཆོས་ལུགས་ལས་རིགས་མི་སྣའི་སེམས་སུ་བརྟན་པོར་ཟུག་ཡོད། དེ་དང་དུས་མཚུངས། ང་ཚོས་དགོན་སྡེ་དོ་དམ་ཨུ་ལྷན་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་ནོར་ཁྲལ་ལྟ་འདོམས་ལས་དོན་སྤེལ་ཏེ། དགོན་སྡེའི་ནོར་དོན་དོ་དམ་རྒྱུན་ཆད་མེད་པར་ཚད་ལྡན་དང་ཁ་གསལ་ཡོང་བར་བྱས་པ་དང་། དགོན་སྡེའི་ཆོས་ལུགས་བྱེད་སྒོ་སྐྱོན་བྲལ་ངང་རྒྱུན་འཛིན་བྱེད་པར་འགན་སྲུང་དེ་བས་ལེགས་པ་བྱས་པས་གྲྭ་བཙུན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དེ་བས་ཡག་པོ་ཐུབ་ཡོད།
གསུམ། རང་དཔེ་གཞན་སྟོན་མཐའ་འཁྱོངས་བྱས་ཏེ་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་དགེ་མཚན་ལྡན་པའི་ནུས་པ་ཧུར་ཐག་བཏོན་ཡོད། ང་ཚོས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པ་དེ་ཐོག་མཐའ་བར་གསུམ་དུ་ལས་ཀའི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་དུས་ཆེན་དང་རྟེན་འབྲེལ་དུས་ཚིགས་གལ་ཆེན་ལ་ང་ཚོས་དགེ་འདུན་པ་སྒྲིག་འཛུགས་ཧུར་ཐག་བྱས་ཏེ། སློབ་སྦྱོང་དང་སྒོམ་སྒྲུབ་ལ་བརྩོན་པ་དང་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་མཉམ་དུ་དགོན་སྡེའི་མེ་ཟོན་ཞིབ་བཤེར་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་སོགས་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་དགོན་སྡེའི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱས་ཡོད། ང་ཚོས་རྒྱུན་རྣམ་ཅན་གྱིས“ཚད་གཞི་བཞི་ལ་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་བྱེད་པར་བརྩོན་པའི”སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ནས། “ཚད་གཞི་བཞི”དང་ཡང་ཡང་བསྡུར་ནས་གནད་དོན་བཤེར་འདོན་དང་དག་ཐེར་ནན་ཏན་བྱས་ཏེ“ཚད་གཞི་བཞི”ལ་བརྩི་སྲུང་དང་། “བཟང་པོ་བཞིའི་དགེ་འདུན་པ”བྱེད་པར་བརྩོན་པ་དེ་དགེ་འདུན་པ་ཡོངས་ཀྱི་བྱ་སྤྱོད་ཀྱི་ཚད་གཞི་དང་འབད་བརྩོན་གྱི་ཁ་ཕྱོགས་ལ་བརྩིས་ཡོད། དགེ་འདུན་པ་སྒྲིག་འཛུགས་བྱས་ཏེ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱས་པ་དང་། དགེ་འདུན་པ་འགའ་ཞིག་གིས་སློབ་སྦྱོང་བྱས་པ་བརྒྱུད་རྒྱུན་སྤྱོད་ཐ་སྙད་ཁོང་དུ་ཆུད་ཡོད།
སླད་ཕྱིན། ངས་མུ་མཐུད་རྒྱ་མཚོ་གླིང་དགོན་གྱི་དགེ་འདུན་པ་ཡོངས་ཀྱི་སྣེ་ཁྲིད་དེ“ཚད་གཞི་བཞི”ལ་བརྩི་སྲུང་དང་། “བཟང་པོ་བཞིའི་དགེ་འདུན་པ”བྱེད་པར་བརྩོན་ནས། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་། མེས་རྒྱལ་གཅིག་གྱུར་ལ་རང་རྟོགས་ངང་སྲུང་སྐྱོང་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། “མོས་སེམས་ལྔ”རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ། “ཕན་པ་ལྔའི”ཚད་གཞིར་གཞིགས་པ། བློ་བརྟན་འགྱུར་མེད་ཀྱིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་ནུས་པ་ཐོན་པ་བཅས་དངོས་འབྲེལ་ཐུབ་པར་བྱེད་ཀྱི་ཡིན།
(རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་དང་། བོད་ལྗོངས་ནང་བསྟན་སློབ་གླིང་གི་དཔེ་ཆའི་དགེ་རྒན། ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་རྒྱ་མཚོ་གླིང་དགོན་སྡེའི་སྤྲུལ་སྐུ)