དབུ་ཤོག>བོད་ཀྱི་རིག་གནས།
  • གཏམ་རན་པར་སྨྲོས་དང་མཛེས་པ་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  གཉལ་སྟག་བསོད་ནམས་བཀྲ་ཤིས།   |     སྤེལ་དུས།  2022-12-25

    མེས་པོ་ཚོའི་རྣམ་དཔྱོད་ཀྱི་རྩལ་ལས་འཁྲུངས་པའི་འཇིག་རྟེན་མི་ཆོས་སྐོར་གྱི་ལེགས་བཤད་བསྟན་བཅོས་ཁག་དང་། གནའ་མི་རྒན་རབས་ཚོའི་བསླབ་བྱ་བཅོལ་གདམས། དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་གཏམ་དཔེ་དང་ཤོ་བཤད་ཀུན་གྱིས་སྨྲ་བ་ཉུང་བའི་ཕན་ཡོན་དང་མང་བའི་ཉེས་དམིགས་གསུང་བཞིན་ཡོད་ན། འུ་བུ་ཅག་སྒུར་ནས་འགྲོ་བའི་ཕྱུགས་ལས་ཁྱད་པར་འབྱེད་ཆེད་དུ་སྨྲ་ཤེས་ཤིང་དོན་གོ་ལ་མནོ་བསམ་གཏོང་ཤེས་ཅན་གྱི་མི་ཡིན་པའི་ཆ་ནས། གནའ་མི་རྒན་རབས་པའི་བློ་གྲོས་ཀྱི་རྩལ་དང་ཉམས་མྱོང་གི་བཅུད་ཕྱུང་བའི་ལེགས་བཤད་བསླབ་བྱའི་རིགས་ལ་བདེན་ཁ་མི་སྟེར་བའི་རྒྱུ་མཚན་ཅི་ཞིག་ཡོད། ཅི་སྟེ། དགོས་པའི་དུས་སུ་ངེས་པར་སྨྲ་དགོས་ཐུག་ཚེ། འདོ་རིགས་རྟ་ཕོས་ཆུ་འཐུང་ན། །སྔ་ལྟ་ཞིག་དང་ཕྱི་ལྟ་ཞིག །ཕ་བཟང་བུ་ཡིས་དོན་གྲུབ་ན། །སྔ་བསམ་ཞིག་དང་ཕྱི་བསམ་ཞིག་གི་ཚུལ་ལུགས་ནི་ངེས་པར་དུ་དགོས་པར་སེམས་ཏེ། འཕགས་ཡུལ་གྱི་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། ཚིག་རྣམས་བརྗོད་འདོད་རྟག་ཏུ་ནི། །ཇི་ལྟར་བརྟགས་ཤིང་དེ་ལྟར་སྨྲ། །གང་ཞིག་མ་བརྟགས་པར་སྨྲ་བ། །དཔེར་ན་སྨྱོན་པའི་བསྟན་བཅོས་བཞིན། །ཞེས་གསུངས་པ་མ་ཡིན་ནམ།

    སྐབས་དང་སྐབས་སུ། ལེགས་ན་དཔལ་གྱི་སྒོ་མོ་དང་ཉེས་ན་བྱུར་གྱི་སྣ་འདྲེན་དུ་གསུངས་པའི་ཁ་འདི་ལ་རང་ཚུགས་བྲལ་བས། མི་ན་དགུ་ན་འདི་ཡིས་ན་ལ། མི་ཡོང་དགུ་ཡོང་འདི་ཡིས་ཡོང་། བསམ་བློ་སྔོན་ལ་བཏང་ན་མཁས་པ་དང་འགྱོད་པ་རྗེས་ལ་སྐྱེས་ན་གླེན་པའི་དཔེ་ལྟར། སྔ་བསམ་ཕྱི་བསམ་གྱི་མཁས་རྟགས་དེ་མེད་པར་བསམ་ཚད་དྲན་ཚད་ཀུན་ཚོགས་སུ་སྨྲ་བར་དགའ་བའི་བླུན་པོ་སྙིང་ཁམས་ཅན་ཚོའི་བྱུང་རྒྱལ་གྱི་གཏམ་ལ་བརྟེན་པས། ཚོགས་ཀྱི་སྐྱེ་བོའི་ཡིད་སེམས་འཁྲུགས་ཤིང་། ཞི་མཐུན་བདེ་ལེགས་ཀྱི་སྣང་བའི་དཔལ་གྱིས་བརྒྱན་པའི་སྤྱི་ཚོགས་ཀྱི་དཔལ་ཡང་འཇོམས་པར་བྱེད་ན། ཁ་འདི་ལ་བདག་པོ་མི་རྒྱག་ཅི་ལ་རྒྱག ཁ་འདི་ལ་ཁ་རས་མི་གྱོན་གང་དུ་གྱོན། ལར་ནས་ཤེས་བྱ་ཡོན་ཏན་མི་སློབ་ཅིང་། དུས་དང་རྣམ་པ་ཀུན་ཏུ་མདོ་མེད་ཀྱི་གཏམ་དང་ཅལ་ཅོལ་གྱི་གཏམ་འཆལ་ལ་དགའ་བ་རྣམས་ནི། གང་ཞིག་ཡོན་ཏན་མི་སློབ་པ། །དེ་ནི་བླུན་པོ་ཕྱུགས་ལྟ་བུ། །ཡོན་ཏན་མེད་པའི་ཁ་ཉིད་ནི། །ས་ཡི་བུ་ག་དག་དང་མཚུངས། །ཞེས་པ་ལས་གཞན་ཅི།

    རང་རེའི་ལྗོངས་འདིར་དགེ་མི་དགེ་བཅུའི་རྣམ་གཞག་གསུངས་པའི་སྐབས་སུ་ངག་གི་མི་དགེ་བ་བཞི་སྟེ། རྫུན་དུ་སྨྲ་བ་དང་། ཕྲ་མ། ཚིག་རྩུབ། ངག་ཀྱལ་ཞེས་ངག་གི་ཉེས་དམིགས་སུ་འགྲོ་བའི་དོན་བཞི་གསུངས་པ་ལས་ཀྱང་རྣམ་ཀུན་འཚོ་བའི་ཁྲོད་དུ་དུས་དང་རྣམ་པ་ཀུན་ཏུ་རང་གི་སྨྲ་ལྕེ་འདི་ལ་བདག་པོ་ལེགས་པར་རྒྱག་དགོས་པ་དེ་བསྟན་འདུག་ལ། ལྷག་པར་དུ་ཚོགས་ཀྱི་དབུས་སུ་ཕྱིས་འབྱུང་གི་འབྲས་བུ་དང་ཕན་གནོད་ལ་མནོ་བསམ་གཏན་ནས་མེད་པའི་གཏམ་སྨྲ་བ་ནི་ཤིན་ཏུ་ནས་འཛེམས་དགོས་པར་འདུག་སྟེ། མང་པོའི་དབུས་སུ་ངག་ལ་བརྟག །གཅིག་པུར་སྡོད་དུས་ཡིད་ལ་བརྟག་ཅེས་སྔོན་བྱོན་མེས་པོ་དམ་པ་རྣམས་ནས་བསླབ་འདོམས་མཛད་ཡོད་པ་མ་ཡིན་ནམ། དེ་ལྟ་ནའང་། དེང་གི་ཆ་འཕྲིན་འབར་གས་ཀྱི་དུས་འདིར་མཁས་མི་མཁས་དང་། ཤེས་མ་ཤེས། བདེན་མི་བདེན་ཀྱི་ཁྱད་པར་མེད་པར་ཀུན་པོས་ཁྱི་རྒན་ཀུ་ཅོའི་རྣམ་ཐར་བསྐྱངས་ཏེ་གནས་ཚུལ་གྱི་ཟུར་ཙམ་མཐོང་བ་དང་ཐོས་པ་ཉིད་རྒྱུ་མཚན་དུ་བྱས་ཏེ། མ་ཤེས་ཀྱང་ཤེས་ཁུལ་གྱི་བརྟུལ་ཞུགས་སྐྱོང་མཁན་ཡང་ཆར་རྗེས་ཀྱི་ཤ་མོ་བཞིན་བརྡོལ་ནས་ཆེ་བ་སྔོན་བྱོན་གྱི་མེས་པོ་དམ་པའི་གསུང་རབ་ལ་འགྲེལ་ལོག་དང་ཁྱད་གསོད་བྱེད་པའི་རིགས་ནས། ཆུང་བ་སྡེ་ཁུལ་དང་ཚོགས་པའི་དབུས་སུ་དོན་མེད་ཀྱི་དཀྲོག་གཏམ་བཟོ་བ་དང་། རྫུན་ཆེན་པོས་མི་སེམས་དངངས་པར་བྱེད་པའི་རིགས་རྣམས་ལ་ནི། 《ཁ་ཆེ་ཕ་ལུ》ཡི་ནང་དུ། དབྱར་ཁ་ལྕགས་དང་དགུན་ཁ་རྫ་ལ་ལྟོས། །དབྱར་དགུན་མེད་པར་དམར་པོའི་ལྕེ་ལ་ལྟོས། །མི་ཤོད་དགུ་ཤོད་བཤད་རྒྱུ་མང་དྲགས་ན། །མི་ལ་མ་ཤོད་ཟེར་གྱིན་སྡོད་དགོས་ཡོང་། །ནར་ནར་ལྕེ་ལ་བདག་པོ་མ་བརྒྱབ་ན། །རིལ་རིལ་དབུ་ལ་འོ་བརྒྱལ་བཟོས་ཡོང་ངོ་། །ཞེས་པའི་ལེགས་བཤད་འདི་ཉིད་ཡང་ཡང་བཏོན་ནས་དེ་དོན་ཐུགས་ལ་འཇོག་རོགས་ཟེར་རྒྱུ་ལས་ཐབས་ཅི།

    ལྷག་དོན་དུ་དེང་གི་དུས་འདིར་སྐྱེ་བོའི་གཅིག་མཐུན་གྱི་བསོད་ནམས་ཀྱང་ཉམས་དམས་སུ་སོང་ནས། འདོད་པའི་བདེ་བ་བཙལ་ཡང་མི་རྙེད་ལ། མི་འདོད་སྡུག་བསྔལ་ཨ་ན་ཨུ་ཚུགས་ཀྱིས་བྱུང་བ་ལྟར། རིམས་ནད་གདོན་རིགས་ཀྱིས་བསམ་དབང་དྲན་དབང་མེད་པར་གློ་བུར་བའི་ཚུལ་དུ་འུ་ཅག་ལ་འཚེ་བར་བྱེད་པའི་དམིགས་བསལ་ཛ་དྲག་གི་སྐབས་དང་དུས་སུ་ནི། ལྷག་པར་དུ་ཆུང་བ་རིམས་འགོག་གི་དོན་དང་། ཆེ་བ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་དོན་དུ་སྐྱེས་བུ་མི་རེ་ངོ་རེས་རང་རང་གི་སྨྲ་ལྕེར་བདག་པོ་ལེགས་པར་རྒྱག་རྒྱུ་ནི་གཅིག་མཐུན་གྱི་བསོད་ནམས་འཕེལ་བའི་ལས་སུ་མཐོང་བས། མེ་ཚ་པོའི་སྟེང་དུ་ཤིང་གཤག་པའི་དཔེ་ལྟར་མ་ཡིན་པར། གཅིག་མཐུན་གྱི་བསོད་ནམས་དང་བདེ་སྐྱིད་ཀྱི་དོན་དུ་བསམས་ནས་བདེན་གཏམ་སྨྲ་བ་ལས་དཀྲོག་གཏམ་དང་རྫུན་གཏམ་གྱི་རིགས་རྣམ་པ་ཀུན་ཏུ་མི་སྨྲ་བར། ཀུན་པོས་རང་གི་ཁ་ལ་བདག་པོ་ལེགས་པར་བརྒྱབ་སྟེ་གོང་རིམ་གྱི་བཀའ་ལ་ལེགས་པར་ཉན་རོགས་ཞེས་ཀྱང་ཞུ་བར་འདོད་དོ།

    མདོར་ན། ཉེས་པའི་དཔེ་མི་འདྲེན་པར། ལེཌ་པའི་སྲོལ་བསྲུངས་ཏེ། ཆོས་རྗེ་ས་པཎ་ནས་མནོ་ཚད་ཁར་མི་འདོན་པ་འདི་མཁས་པའི་མཐར་ཐུག་དང་ཟབ་མི་ཟབ་འདི་ཁ་མང་ཉུང་ལ་བྱེད་པ་ཡིན་གསུངས་པ་དང་། གཏམ་མགོ་འཛུམ་གྱིས་བསུས། གཏམ་གཞུག་འཛུམ་ལ་ཞོག དགོས་དོན་ཕོག་པར་སྨྲོས། རན་ལ་མཛེས་པར་ཤོད་ཨང་ཞེས་དང་། ཁ་ཉུང་བ་དང་གཅིག ཁོག་ཡངས་པ་དང་གཉིས། གཏམ་དྲང་བ་དང་གསུམ། བསམ་མནོ་གཏོང་བ་དང་བཞི། ཉེ་རིང་མི་བྱེད་པ་དང་ལྔ། རང་འདོད་ཆུང་བ་དང་དྲུག་པོ་དེ་གཙོ་བོ་ལ་གལ་ཆེ་བ་ཡིན་ནོ་ཞེས་སྙིང་ལ་བཅོལ་གདམས་མཛད་པ་འདི་ཉིད་ལག་ལེན་དུ་བསྟར་ཐུབ་ན་ཕོ་རྒོད་པོའི་ཚད་དུ་བྱེད་པ་ཡིན་ནོ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།