ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་བརྟན་དུ་གཏོང་བ་དང་། མཛོ་སྒང་རྫོང་གི་གཏིང་ཟབ་པའི་གསར་བརྗེའི་རིག་གནས་དང་། ཇ་རྟའི་རིག་གནས། མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་དང་ཐོན་ཁུངས་བཅས་དྲིལ་བསྒྲགས་དང་འོས་སྦྱོར་བྱ་ཆེད། ཉེ་ཆར། མཛོ་སྒང་རྫོང་གིས་རྩོམ་སྒྲིག་བྱས་པའི་རིག་གནས་དང་ཡུལ་སྐོར་གྱི་དཔེ་དེབ《སྤྲིན་སྟེང་གི་བརྐོས་མ》ཞེས་པ་དཔེ་སྐྲུན་བྱས་པ་རེད།
དཔེ་དེབ་དེ་ལྗོངས་ཕྱི་ནང་གི་མངོན་མིན་རིག་གནས་ཤུལ་བཞག་གི་རིགས་གཅིག་མཁས་ཅན་དང་། གསར་བརྗེའི་རིག་གནས་ཀྱི་རིགས་གཅིག་མཁས་ཅན། རྩོམ་པ་པོ། གསར་འགོད་པ་བཅས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་ཡོངས་བཤེར་དང་། གསར་བརྗེའི་རིག་གནས་ཡོངས་བཤེར། ཇ་རྟའི་རིག་གནས་ཡོངས་བཤེར། རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ཡོངས་བཤེར་བཅས་ཀྱི་རྨང་གཞིའི་ཐོག་ལེགས་སྒྲིག་བྱས་ནས་གྲུབ་པ་ཞིག་ཡིན་པ་དང་། ཁྱོན་ཁག་བཞི་ལ་དབྱེ་ཡོད་པ་དེའི་དམིགས་ཡུལ་ནི་མཛོ་སྒང་རྫོང་གི་རིགས་ཁག་གི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་བརྒྱུད་རིམ་ལྡན་པའི་ངང་གསེད་དཀྲོལ་བྱས་ནས། རྫོང་ཁོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་དར་རྒྱས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་དེ་རེད།