དབུ་ཤོག>བོད་ཀྱི་རིག་གནས།
  • འབྲུ་རྡོག་གཅིག་ལ་རྔུལ་ཆུ་གྲངས་མེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཚེ་བརྟན་རྡོ་རྗེ།   |     སྤེལ་དུས།  2022-12-18

    འབྲུ་རྡོག་གཅིག་ལ་རྔུལ་ཆུ་གྲངས་མེད་ཅེས་བྲིས་པའི་གྱང་ངོས་སུ་བཀལ་བའི་ཡིག་གཟུགས་ཐང་གའི་ཐོག་ཏུ་ཉམས་སྤྲོ་བའི་ཉི་མའི་འོད་སྣང་ཞིག་འཕྲོས་འདུག སྣང་བརྙན་དེ་མཐོང་དུས། དགུང་ཟས་ཀྱི་དུས་ཚོད་དང་བར་ཐག་ཇེ་ཉེ་ནས་ཇེ་ཉེར་འགྲོ་བ་དང་བསྟུན་ནས་སློབ་མ་ཚོའི་ངོ་གདོང་ལས་རེ་ཞིང་སྒུག་པའི་རྣམ་འགྱུར་ཞིག་མཐོང་རྒྱུ་ཡོད། རྣམ་འགྱུར་དེ་ནི། སློབ་ཐུན་བཞི་པ་འཚོཌ་སོང་། །གྲོད་ཁོག་ཡང་ཡང་ལྟོགས་བྱུང་། །མདུན་གྱི་བོད་ཡིག་རྒན་ལགས། །ཤ་མོག་ཡིན་ན་བསམས་བྱུང་། །ཞེས་པའི་དགོད་བྲོའི་གསར་རྩོམ་དམངས་གཞས་འདི་དང་ཧ་ཅང་མཐུན་པར་སྣང་།

    དགེ་སློབ་གཉིས་ཀའི་དགུང་ཟས་འཛིན་གྲྭར་ཟ་དགོས་ཤིང་། དུས་ཐུང་འདིའི་ནང་སློབ་ཐུན་བཞི་པ་འཁེལ་བའི་དགེ་རྒན་གྱིས་སློབ་མའི་སྒྲིག་ལམ་ལ་ལྟ་སྐུལ་བྱེད་དགོས། ཉིན་དེར་ཏག་ཏག་རང་ཉིད་ཀྱི་སློབ་ཚན་དང་སྐབས་འཁེལ་བས་སློབ་ཕྲུག་ཚོའི་བློ་ཐག་ཉེ་བའི་འཛུམ་ཞལ་དང་། ཡང་ཡང་འགུལ་བའི་མཆུ་སྒྲོས། ཡས་སོ་དང་མས་སོའི་མཉམ་འཁྲབ་གར་སྟབས་ཀྱི་ཁྲོད་དུ། ཞིམ་མངར་དགུང་ཟས་ཀྱི་རོ་མཆོག་ལ་ལོངས་སུ་སྤྱད།

    སློབ་ཁང་གྲུ་བཞིའི་ནང་དུ་བཅུད་ལྡན་ཟས་ལ་མྱོང་གིན་དུ་ལྟ་ཕྱོགས་ཤིག་ལ་སློབ་ཕྲུག་ཅིག་གིས་ཟས་ལ་ཡག་སྒྲུག་བརྒྱབ་སྟེ། ཕོར་པའི་ནང་གི་ཞོག་ཁོག་རྩ་བ་ནས་མ་བཟས་པར་གཞོགས་གཅིག་ཏུ་བཏོན་པའི་རྣམ་པ་ཞིག་བདག་གི་མིག་ལམ་དུ་གསལ་ལྷང་ངེར་འཆར། མ་གཞི་ཟས་ངན་གཅིག་གིས་ཁོག་པའི་སྟོད་སྨད་དཀྲུགས་ཞེས་པ་ཅི་ལ་མི་བདེན། འོན་ཀྱང་། རང་ངོས་ཀྱི་ལྟ་བ་མཁྲེགས་འཛིན་ཞིག་གིས་རྐྱེན་པས་ཡིན་ནམ། གང་ལྟར་བདག་གི་སེམས་སུ་ང་ཚོའི་རྒྱུན་ཟས་སུ་གྱུར་བའི་སེར་མདོག་གི་ཞོག་ཁོག་ནི་ལྷད་མེད་ཀྱི་སྔོ་ལྗང་ཟས་རིགས་ཤིག་ཏུ་ངོས་འཛིན་པར་ཐལ་ལོ།

    སློབ་ཕྲུག་དེས་ཞོག་ཁོག་ལ་འཛིན་པའི་རྣམ་འགྱུར་ལས་བདག་གི་སེམས་པ་སྐྱུར་ཅང་ཅང་གི་ཚོར་སྣང་ཞིག་གིས་ཡོངས་སུ་བཏུམས་ཏེ། དྲན་པའི་མེ་ལོང་ངོས་སུ་ཆུང་དུས་དྲིན་ཆེན་ཡབ་ཡུམ་གཉིས་ཀྱིས་ཞོག་ཁོག་བཙོངས་ཏེ་ངལ་དུབ་མང་པོ་ཁྱད་དུ་བསད་པའི་འདས་དོན་དག་དྲན་བྱུང་།

    དེ་ཡང་། བདག་ནི་ཞིང་པའི་ཁྱིམ་ཚང་ཕལ་པ་ཞིག་ཏུ་སྐྱེས་ཤིང་། ཆུང་དུས་ནས་བཀའ་དྲིན་ཉི་མ་བཞིན་དུ་ཀླད་ནས་ཤར་ཞིང་། སྐུ་དྲིན་སྦྲང་ཆར་བཞིན་དུ་ས་ལ་འབབ་པ་ལྟ་བུའི་ཡབ་ཡུམ་གཉིས་པོའི་དྲིན་ལས། ང་རང་འདི་ལྟར་སྐྱིད་ཆུའི་ལྷོ་རྒྱུད་ཀྱི་འབྲོག་རི་བོ་དགའ་ལྡན་དགོན་གྱི་ཉེ་འདབས་སུ་འཚར་ལོངས་བྱུང་། ས་འདི་ནི་ཞིང་ལས་ཐོན་སྐྱེད་གཙོ་བོར་བྱེད་པའི་ཞིང་ཁུལ་གྱི་གྲོང་སྡེ་ཞིག་ཡིན། སྤྱིར་ན་དུད་ཁྱིམ་མང་ཆེ་བའི་ས་ཞིང་གི་རྒྱ་ཁྱོན་ལ་དོར་ཀ(དེང་སྐབས་ལྟར་ན་ཞིང་གི་རྒྱ་ཁྱོན་འཇལ་བའི་མུའུ་ཞེས་པའི་མིང)བཅུ་གཉིས་ཙམ་ཟིན་པ་དང་། དོར་ཀ་ཉི་ཤུ་ལྷག་བྱས་པ་ཡང་རེ་གཉིས་མཆིས་སོ།

    རེད་ཡཱ། སྐྱིད་ཆེ་བའི་ཉིན་ལ་དགོད་རྒྱུ་མི་འོང་། སྡུག་ཆེ་བའི་ཉིན་ལ་ངུ་རྒྱུ་མི་འོང་ཞེས་པ་ལྟར། ཡུལ་མི་རྣམས་ཀྱིས་སྐྱིད་སྡུག་འདྲེས་མའི་འཚོ་བ་དང་། རྟག་བརྟན་མེད་པའི་མི་ཚེར་གདོང་ཐུག་བྱེད་དགོས་པ་ནི་ཆོས་ཉིད་དུ་གྲུབ་ཡོད་པ་རེད་ཨང་། དེ་ལྟར་ཁྱིམ་འཛིན་ཨ་མ་དག་ལ་ཆ་མཚོན་ན། ཕལ་མོ་ཆེའི་རང་བཞིན་རྣམ་དཀར་གངས་རིའི་རང་མདངས་ལ་འགྲན་ཞིང་། ལས་ལ་གཡོ་ཟོལ་མེད་པར་རང་འཁྲིའི་བྱ་བ་རྣམས་ཞིབ་ཏིག་ངང་ནས་སྒྲུབ་མཁན་ཤ་སྟག་རེད། ཀ་བ་ལྟར་འདྲོང་ཞིང་ཀ་རྡོ་བཞིན་བརྟན་པའི་ཕ་རྒན་རྣམས་ནི་ཧུར་བརྩོན་ཆེ་ཞིང་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་ལྡན་པ་རྐྱང་རྐྱང་རེད། སྒོས་སུ་བུ་ཕྲུག་སློབ་གྲྭར་བཏང་སྟེ་ཤེས་ལྡན་པ་ཞིག་ཏུ་གསོ་སྐྱོང་བྱ་རྒྱུ་ནི་ཁོ་ཚོའི་རེ་ལྟོས་འཆང་ཡུལ་ཡིན།

    བདག་གི་སྙིང་ནས་བརྩེ་བའི་ཕ་མ་གཉིས་པོར་མཚོན་ན། ངེད་གཅེན་གཅུང་རྣམས་ཀྱི་མ་འོངས་མི་ཚེའི་མདུན་ལམ་ཆེད། དཀའ་བ་དང་དུ་བླངས་ཤིང་ངལ་བ་ཕྲག་ཏུ་བཞེས་ཏེ་ཞིང་ཆུང་གྲུ་བཞི་དེ་དག་གི་ནང་དུ་ལང་ཚོ་སྐྱེས་སུ་ཕུལ་ཡོད་ཅིང་། ལྷག་དོན་དུ་གཅེན་མོ་ངེད་གཉིས་མཐོ་རིམ་སློབ་གྲྭ་འགྲིམ་སྐབས་ཟས་གོས་གཉིས་ཐད་ཀྱི་འགྲོ་སོང་ཆེ་རུ་ཕྱིན་པ་དང་སྦྲགས། ཁོང་རྣམ་པས་ཞོག་ཁོག་འདེབས་འཛུགས་ལས་གཞི་རྒྱ་ཆེ་རུ་བཏང་ནས། ཧ་ལམ་ལོ་རེར་ཞོག་ཁོག་དོར་ཀ་བཞི་ལྷག་ཙམ་བཏབ་མྱོང་།

    གུས་པར་འོས་པའི་ཀློག་པ་པོ་ལགས་ཁྱེད་ཚོས་ཤེས་སམ། ཞོག་ཁོག་གདབ་རྒྱུ་ནི་ལས་སླ་པོ་ཞིག་མ་ཡིན་ཏེ། དེང་གི་ཆར་གྲོང་ཁྱེར་ནང་འཚར་བའི་མི་དེ་དག་ལྟ་ཅི། ཐ་ན་ས་སྐྱེས་རྡོ་སྐྱེས་ཀྱི་ཞིང་ཁུལ་གྱི་གཞོན་སྐྱེས་འགའ་ཞིག་གིས་ཀྱང་ཞོག་ཁོག་འདེབས་པའི་དཀའ་སྡུག་ཤེས་མཁན་ཉུང་བས། མཚམས་འདིར། ཚིགས་སུ་བཅད་པའི་ལམ་ནས་ཁྱེད་ཚོར་མདོར་བསྡུས་ཤིག་ཞུས་ན། དེ་ཡང་། གྲང་ངད་འཕེལ་བའི་དགུན་དུས་ལུད་འདེབས་ཤིང་། །དྲོད་རླུང་ལྡང་དུས་ཞོག་སོན་འདེབས་པ་མཐོང་། །ལྟག་ཆུ་ཆད་པ་མེད་པའི་རྫིང་བུ་བསྐྱིལ། །གསོས་སྨིན་ཆུ་ལུད་ཡང་ཡང་འདྲེན་པར་བྱེད། །དཀའ་བ་ཁྱད་བསད་ངལ་བ་དང་བླངས་ཀྱིས། །རྩྭ་ངན་མཐའ་དག་དྲུངས་ནས་འབྱིན་པས་ན། །ཞོག་ལོ་འདབ་མ་མེ་ཏོག་རིམ་གྱིས་གྲོལ། །སོ་ནམ་པ་ཡི་བཞིན་ལ་འཛུམ་བག་འཁྱིལ། །སྟོན་གྱི་བསེར་རླུང་ངང་གིས་ལྡང་བ་ཡིས། །སྟོན་ལོ་སེར་པོ་ངེས་མེད་འཁྱེར་བས་ན། །དཀའ་སྡུག་མང་པོའི་རྔུལ་ཆུ་བཏོན་པ་ཡི། །སོ་ནམ་པ་རྣམས་ལོ་འབྲས་བསྡུ་བར་བྲེལ།། གང་ལྟར། ལས་ཅི་བྱས་ངོམ་ངོམ་དང་། བྱ་གོང་མོས་ཅི་བྱས་ལྷེབ་ལྷེབ་ལྟར་དུ་མ་ཡིན་པར་སོ་ནམ་ལས་ལ་འབད་འབུངས་ཆེར་སྐྱེད་གནང་ཞིང་། ལུས་སེམས་ཀྱི་སྡུག་བསྔལ་དང་ལོ་ཟླ་མང་པོ་མཉམ་དུ་བསྡོངས་དགོས་སོ།

    དབྱར་ཟླ་འབྲིང་པོར་ཉིན་དགུང་གི་ཉི་ཟེར་ཚ་གདུང་ལྷག་པར་ཆེ་བ་དང་། ཞིང་ཚིགས་བར་གྱི་རྡོ་ལེབ་ཀྱང་ཚ་པོར་གྱུར་ཞིང་། ས་གཞིའི་སྟེང་གི་སྐྱེ་དངོས་ཡོད་དོ་ཅོག་ཚ་གདུང་གིས་མ་བཟོད་པར་ཉབ་ཉོབ་ཏུ་སྣང་། འདབ་ལོ་འགའ་སེར་མདོག་ཏུ་གྱུར་ནས་སར་ལྷུང་བའི་སྐབས་སུ། ཕ་མ་གཉིས་ཀྱིས་ཧ་ལམ་བདུན་ཕྲག་གཅིག་ལྷག་ཙམ་རིང་ཞོག་སླང་ནང་གི་རྩྭ་ངན་རྣམས་འཐུ་དགོས་ཀྱི་ཡོད། མ་གཞི་དེས་ཞོག་ཁོག་སྐྱེ་འཚར་ལ་ཕན་ཐོགས་ཆེ་ཡང་། རྩྭ་ངན་བཏུས་རྗེས་སུ་ལུས་པོའི་སྟོད་སྨད་གང་སར་ན་ཟུག་གིས་མནར་ཞིང་། སྐེད་པའི་ཟུག་རྔུ་དེ་དག་ཉིན་གཅིག་གཉིས་ནང་དྲག་སྐྱེད་ཡོང་དཀའ་བས། དུས་ཡུན་དེ་དག་རིང་ལུས་པོ་ཡོངས་རྫོགས་ཆག་གིས་བསྡམས་ཏེ་བྱ་གག་འགྲོ་འགྲོ་བྱེད་དགོས་ཀྱི་ཡོད། དབྱར་ཁ་ཐན་གྱིས་བརྡུངས་ནས་སྐམ་ཤས་ཆེ་དུས་སུ། ཟླ་བ་གཅིག་རིང་ཞོག་ཁོག་ལ་ཆུ་ཐེངས་གསུམ་ཙམ་འདྲེན་དགོས་སྟབས། དཀའ་སྡུག་དང་སེམས་ཁྲལ་གྱིས་མཚན་མོའི་གཉིད་ཐེབས་ཆག་པ་ལན་གཅིག་གཉིས་མ་ཡིན།

    འཚིག་ཇ་ལ་མངར་ཆ་སྡེབ་པ་བཞིན་ལས་ཀའི་ཁྲོད་གཞན་སེམས་ལ་སྤྲོ་སྣང་སྦྱིན་རྒྱུ་ནི་ངའི་ཨ་མའི་ངོས་ནས་བརྗོད་ན། འཚོ་བའི་ཆ་ཤས་མེད་དུ་མི་རུང་བ་ཞིག་ཏུ་གྱུར་ཡོད་པས། ཁོང་ཡོད་པའི་གནས་སུ་དགོད་བྲོ་བའི་སྐད་ཆ་མང་པོ་ཐོས་རྒྱུ་ཡོད། ཨ་མས་ཀྱང་དགོད་བྲོའི་ཚུལ་གྱིས། ང་ལ་ཉ་མོ་མ་ཐེབས་པ་མ་གཏོགས། མཚོ་མཐའ་མ་བསྐོར་བ་མིན་ཞེས་ཕ་མའི་དཀའ་སྡུག་ལ་བསམ་ཤེས་བྱས་ནས། ངེས་པར་རིག་པ་བསྒྲིམས་ཏེ་རང་དགོས་ཤེས་བྱར་འབད་བརྩོན་དང་ཡ་རབས་གཞུང་དྲང་ཞིག་ཏུ་འཁྱོངས་དགོས་པའི་གནས་ལུགས་དག་རྩེད་མཚར་གྱི་ཚུལ་དུ་གསུང་བཞིན་ཡོད། དེས་ན་དྲིན་ཕ་མ་གཉིས་ཀྱིས་དེ་རིང་གི་ལས་ཀ་སང་ཉིན་ལ་ཕྱིར་འགྱངས་གཏན་ནས་མི་བྱེད་པའི་འདུ་ཤེས་བཟང་པོ་ཞིག་བཅངས་ནས། ང་ཚོའི་མདུན་ལམ་དོན་དུ་གཞན་ལས་ལྷག་པའི་བརྩོན་པ་བསྐྱེད་པར་བྱས། དེ་ལྟར། དཀའ་བའི་ལ་མོ་མ་བརྒྱབ་ན། བདེ་མོའི་ཐང་ལ་སླེབས་པར་དཀའ། སྲ་བའི་རུས་པ་མ་བཅག་ན། ཞིམ་པོའི་རྐང་མར་ག་ནས་རག་ཅེས་པ་བཞིན་ད་ལྟའི་བུ་ཕྲུག་གི་རེ་བའི་འཛུམ་མདངས་འདི་བསུས་པ་རེད་ཨང་།

    རབ་ཏུ་མཚར་བའི་མེ་ཏོག་གི་འདབ་མ་རིམ་གྱིས་རྙིད་ཅིང་། སྔོ་ལྗང་ནེའུ་གསིང་གི་གོས་ཀྱང་ཚོན་ཁ་བསྒྱུར་ལ། རྣ་བར་སྙན་ཞིང་ཡིད་ལ་འཇེབས་པའི་ཁུ་བྱུག་གི་མགྲིན་རྔ་ཡང་མི་བརྡུངས་བར་ལྷོ་ཕྱོགས་སུ་བཞུད་ནས། སྟོན་གྱི་ནམ་ཟླ་རིམ་བཞིན་སླེབས་དུས། ལས་ལ་བརྩོན་པའི་ཡུལ་མི་ཕོ་མོ་རྣམས་བྲེལ་འཚུབ་ཀྱི་ཅོང་བརྡས་བསྐུལ་ཏེ། ལོ་འབྲས་བསྡུ་བའི་བྱ་བར་བྲེལ་བཞིན་མཆིས། གྲོང་མི་ཚང་མ་མཛའ་གཅུགས་གསེར་གྱི་ཐག་པས་དམ་པོར་སྦྲེལ་བས། ཕན་ཚུན་མཐུན་ཞིང་རོགས་རམ་བྱེད་པའི་གནའ་སྲོལ་བཟང་པོ་ཞིག་ཆགས་ཡོད་སྟབས། དུད་ཁྱིམ་རེ་ནས་ལས་མི་གཅིག་གམ་གཉིས་འཛོམས་ཏེ། ཚང་མ་མཉམ་རུབ་ཀྱིས་ཞོག་ཁོག་བཀོག་རེས་བྱེད་ཀྱི་ཡོད།

    ངའི་ཨ་ཕ་རྡོ་རྗེ་ནི་འཕྲུལ་འཁོར་གཏོང་བར་ཤིན་ཏུ་མཁས་པས་གྲོང་སྡེའི་ནང་མིང་གྲགས་ཏོག་ཙམ་ཡོད། ཁོང་གིས་འཕྲུལ་ཆས་ལ་ལག་པ་འཆང་ཚེ། ཡུལ་མི་རྣམས་ཀྱང་ཐུགས་ལྷོད་ལྷོད་ངང་སྡོད་ཀྱི་ཡོད། ཨ་ཕས་དུད་ཚང་སོ་སོའི་ཞོག་ཁོག་དོ་པོ་རྣམས་ཟོག་འདྲེན་རླངས་འཁོར་ནང་བླུགས་ཏེ། ཕ་ཡུལ་ནས་སྤྱི་ལེ་40ཙམ་ཡོད་པའི་ལྷ་ལྡན་གྲོང་དུ་འཚོང་བར་འགྲོ་དགོས། དེ་དུས་བདག་ནི་ལོ་བཅུ་གསུམ་བཅུ་བཞི་ཙམ་ལས་སོན་མེད་ཀྱང་། ཨ་ཕ་དང་མཉམ་དུ་ཞོག་ཁོག་འཚོང་བར་ཐེངས་མང་པོ་འགྲོ་མྱོང་། སྐབས་དེ་དུས་ཞོག་ཁོག་བཙོངས་མི་ཚར་བའི་སེམས་ཁྲལ་དང་། དོ་པོ་དབོར་འདྲེན་གྱི་དཀའ་ཁག ཉོ་མཁན་སྣ་ཚོགས་དང་མཐུན་ཐབས་བྱེད་དགོས་པ་སོགས་ཀྱི་དཀའ་སྡུག་རང་ཉིད་ཀྱིས་དངོས་སུ་མྱངས་མྱོང་ལ། མཚམས་རེ་རྒྱ་མ་བརྒྱ་ལྷག་བྱས་པའི་ཞོག་ཁོག་དོ་པོ་དཔུང་པར་བཀལ་ནས་གྲོང་ཁྱེར་གྱི་སྡེ་ཁུལ་མང་པོར་སྐྱེལ་བར་འགྲོ་དགོས་སྟབས་དཀའ་ཁག་ཤིན་ཏུ་ཆེ་ཨང་།

    སྐབས་སྐབས་སུ། ཕ་མ་གཉིས་པོས་མྱངས་པའི་དཀའ་སྡུག་དེ་དག་ཡིད་ལ་འཁོར་དུས། བཟོད་མ་ཐུབ་པར་གཅིག་པུར་སྡོད་དུས་མིག་ཆུའི་བཞུར་རྒྱུན་གྱིས་འགྲམ་ངོགས་ཀྱི་བ་སྤུ་བརླན་ཞིང་མགྲིན་པ་བརྣངས་མྱོང་། ད་ལྟ་བསམས་ན། ཕ་མ་གཉིས་ཀྱིས་ཞོག་ཁོག་འདེབས་པ་ནི་ཆེས་སྤྱིར་བཏང་གི་ཕྱག་ལས་ཤིག་མ་ཡིན་པར། བུ་ཕྲུག་གི་འོད་སྟོང་འབར་བའི་མི་ཚེའི་ཞིང་སར་རེ་བའི་ས་བོན་འདེབས་བཞིན་ཡོད་པ་གཞི་ནས་ཚོར།

    དུས་ད་ཆ་ང་རང་ལའང་དགེ་རྒན་གྱི་ལས་གནས་རླབས་པོ་ཆེ་ཞིག་རག་པ་དེ་ནི་དྲིན་ཆེན་ཕ་མ་གཉིས་པོའི་བཀའ་དྲིན་དང་ཁ་བྲལ་ཐབས་མེད། ཁོང་རྣམ་གཉིས་ཀྱི་སྤྱོད་བཟང་ལས་བདག་གིས་འཚོ་བའི་དཀའ་ངལ་ནི་གནས་སྐབས་ཙམ་ཞིག་དང་། ཅི་ཡང་མི་ཤེས་པའི་དཀའ་སྡུག་ནི་མི་ཚེ་གང་པོར་མྱོང་དགོས་པའི་གནས་ལུགས་ཟབ་མོ་ཤེས་བྱུང་།

    བདག་གི་ཡབ་ཡུམ་གཉིས་དང་འདྲ་བར། མཚར་སྡུག་གི་ལང་ཚོ་ཞིང་ཐང་གྲུ་བཞིར་འབུལ་མཁན་གྱི་སོ་ནམ་པ་མང་པོས་འབྲུ་ཕུལ་གང་དང་ཞོག་ཁོག་རྡོག་པོ་རེ་བྱས་ཏེ། རང་ཉིད་ཀྱི་བུ་ཕྲུག་ལ་ལེགས་གྲུབ་ཀྱི་ལམ་བུ་རེ་བཏོད་ཡོད། དེས་ན། གུས་པའི་ངོས་ནས་བརྗོད་ན། ཞོག་ཁོག་དེ་དག་ནི་ཟས་ཙམ་དུ་ཆོག་པའི་ཅ་དངོས་རང་ག་བ་ཞིག་ག་ལ་ཡིན། འདི་ནི་ཕ་མའི་རྔུལ་ཆུ་དང་། སློབ་གྲྭའི་རྒྱལ་སྒོ་འབྱེད་པའི་ལྡེ་མིག ཤེས་རིག་གི་རྩི་བཅུད་ལེན་པའི་ནོར་བུ། ཕུགས་འདུན་མངོན་དུ་འགྱུར་བྱེད་ཀྱི་གཤོག་ཟུང་ལྟ་བུ་ཡིན་པས། ཟས་གོས་གནས་མལ་འཛོམས་པའི་དེང་དུས་སློབ་མ་ཚོས་ཞོག་ཁོག་ནི་ཟས་ཀྱི་ཐ་ལ་འབུད་པའི་སྣང་ཚུལ་མིག་ལམ་དུ་འཆར་དུས། ཐོལ་བྱུང་དུ་བདག་ལ་གློ་སྙིང་བརྗེས་པ་ལྟར་གྱི་ཚོར་བ་ཞིག་ངམ་ངམ་ཤུགས་སུ་སྐྱེས་བྱུང་།

    རང་ཉིད་ཀྱི་འདས་སོང་ལ་ཕྱིར་དྲན་དང་། མིག་མདུན་དུ་སློབ་ཕྲུག་གིས་མཐོང་ཆུང་ངང་བསྐྱུར་བའི་ཞོག་ཁོག་མཐོང་དུས། རེ་ཞིག་སེམས་པ་གྲང་ཅང་ཅང་དུ་གྱུར། འོན་ཀྱང་། ཉམས་སྤྲོ་བའི་ཉི་འོད་དེ་སྔར་བཞིན་འབྲུ་རྡོག་གཅིག་ལ་རྔུལ་ཆུ་གྲངས་མེད་ཅེས་བྲིས་པའི་ཡིག་གཟུགས་ཐང་ག་དེའི་ཐོག་འཕྲོས་འདུག་ལ། ཉི་འོད་དེས་ཆེད་དུ་དགེ་རྒན་ངའི་ཚབ་ཏུ་ཡིག་འབྲུ་བརྒྱད་པོའི་ནང་དོན་ལ་འགྲེལ་བཤད་བྱེད་པ་དང་ཀུན་ནས་མཚུངས་སོ།།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།