དབུ་ཤོག>བོད་ཀྱི་རིག་གནས།
  • ཕ་ཡུལ་གྱི་ཡུལ་མི། ཞེ་ལྷོད་ལྷོད་གནོངས་དང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  མགར་ཐང་དཀར།   |     སྤེལ་དུས།  2022-12-18

    ཀྱེ། ཕ་ཡུལ་གྱི་ཡུལ་མི་ལགས། ཁྱོད་དང་ང་ཡི་ཕ་ཡུལ་དུ་སྤྲིན་དཀར་གྱི་རྣ་རྒྱན་ཆ་གཅིག་བཏགས་ཡོད་པ་མ་བརྗེད་དང་། གངས་འདབས་ནས་གྲགས་པའི་རི་གླུ་སིང་སིང་དེས་མཐོང་ཡངས་པའི་རྒྱལ་ཁམས་ལ་སྙན་འཇེབས་ཀྱི་དབྱངས་རྟ་གསར་པ་ཞིག་ཅིས་ཀྱང་བསྐྱལ་ཆོག་ཨང་།

    ང་དང་ཁྱོད་ནི་གྲང་ངར་རྒོད་པའི་མཐོ་སྒང་ནས་ནར་སོན་ཞིང་། ལྷད་མ་འདྲེས་པའི་རི་ཆུའི་རིག་གནས་ཀྱིས་གསོས་པའི་མི་བུ་ཤ་སྟག་ཡིན་ཕྱིར། ང་ཚོས་རྨ་འབྲི་རྫ་གསུམ་གྱི་དྭངས་གཙང་སྤྱད་དེ་རང་བྱུང་ཁམས་ཀྱི་རྣམ་ཤེས་ཀྱི་མཛེས་རྒྱན་གླེང་ཆོག་ཅིང་། ཕྲེང་ལ་བསྟར་བའི་རི་ཚོགས་ཀྱིས་བསྐོར་བའི་མཐོ་སྒང་འདིའི་དུས་གསུམ་གྱི་འཕེལ་ཁ་ཡངས་པའི་རྒྱལ་ཁམས་ལ་གཟིགས་འབུལ་ཐེངས་ཤིག་བྱས་ཀྱང་ཆོག་ལ། སྦྲ་རོག་རོག་གི་འདབས་སུ་ཐང་མར་བརྡལ་བའི་གཡང་ར་སྒོ་བཞིའི་ཐུན་མིན་གྱི་ཁྱད་ཆོས་དང་མཐོང་བར་དཀོན་པའི་རིག་གནས་ཤིག་གི་ལྟ་བའང་ཀློག་པ་པོ་ཁྲི་འབུམ་ལ་སྨྲ་ཆོག་ཆོག་རེད་ཨང་།

    སྤྱིར་ང་རང་ལ་མཚོན་ན། སྤྱི་ཚོགས་ཀྱི་དུས་སྐབས་ལེགས་ཤོས་སུ་ལྟེ་ཁྲག་གི་བཞུར་རྒྱུན་དྲོན་མོ་ཕ་ཡུལ་འདིའི་པང་དུ་གཏོར་བའི་ན་གཞོན་ཞིག་ཡིན་ཕྱིན། འདས་ཟིན་པའི་ལོ་ཟླའི་དཀའ་ཚེགས་ཀྱི་རྒྱབ་ལྗོངས་ལ་ཕྱིར་རྟོག་ཆེན་པོ་ཞིག་བྱེད་མ་ཐུབ་མོད། དཀའ་སྡུག་གི་འབྲས་བུར་བདེ་སྐྱིད་ཀྱི་ཁྱིམ་གཞིས་བལྟམས་ཟེར་བའི་ཚིག་རྐང་དེར་རྒྱུས་མངའ་ཆེན་པོ་ཡོད། དེའི་ཕྱིར་ང་ཚོ་མི་བུ་སུ་ཡིན་ཡང་སྔར་བྱས་ཀྱི་འབྲས་བུར་སློབ་སྤྱོང་ཡག་པོ་བྱས་ཏེ་སྤྱི་ཚོགས་ཀྱི་གཅིག་མཐུན་རིག་གནས་ལ་འབད་པ་ཧུར་ལེན་བྱེད་དགོས་ཤིང་། རིན་ཐང་གཞལ་དུ་མེད་པའི་ཤུལ་བཞག་རིག་གནས་ལ་མཐོང་ཆེན་དང་རྒྱུན་འཛིན་བྱེད་རྒྱུ་ནི་དུས་རབས་ཀྱིས་ང་ཚོར་དཀྲིས་པའི་འོས་འགན་ཡིན།

    ཕ་ཡུལ་གྱི་ཡུལ་མི། ད་ནི་ཞེ་ལྷོད་ལྷོད་གནོངས་དང་། ང་ཚོར་རྣམ་དཔྱོད་སྦྲང་ཆར་གྱི་འབབ་སྟེགས་ཡོད་ཅིང་། གྲོང་ཚོ་དང་རི་ཁུལ་གྱི་འཕོ་འགྱུར་གླེང་སའི་བདེན་གྲུབ་ཀྱི་སྟེགས་བུ་ཡོད་པས། ང་ཚོས་སྔ་ན་མེད་པའི་དགོས་ངེས་ཀྱི་བླང་བྱ་དང་དུ་ལེན་ཆོག་ཅིང་། ལྷིང་འཇགས་ཤིང་ཁུ་སིམ་པའི་ཕ་ཡུལ་གྱི་ཁྱད་ཐོན་དངོས་ཟོག་ལ་དུས་མཐུན་གྱི་ཡང་དག་འགྲེལ་པ་བདེན་སྟོབས་ཀྱིས་བརྒྱབ་ཆོག མ་ཟད། ཤིན་ཏུ་དཀོན་པའི་དམངས་ཁྲོད་རིག་གནས་ཀྱི་འགྲུལ་བཞུད་རིང་མོ་ཞིབ་ཏུ་བཀླགས་ཆོག་ཨང་།

    ང་ཚོ་རི་ཁུལ་ནས་འཚར་ལོངས་བྱུང་ཞིང་། རི་ཁུལ་ནས་མི་ཚེར་དབུ་ཁྱུད་བྲིས་པའི་མཐོ་སྒང་འདིའི་རྣམ་ཤེས་ལྟ་བུ་ཡིན་པས་ན། ང་ཚོས་རི་ཁུལ་གྱི་རིག་གནས་ལ་དང་དོད་ནན་གྱིས་བྱས་ཏེ་ཕ་ཡུལ་གྱི་འབྱུང་འགྱུར་ལ་སྔ་ན་མེད་པའི་མཚར་སྡུག་སྣོན་དགོས་ཤིང་། སྤྱི་ཚོགས་ཀྱི་ཁྱོན་ཡོངས་རང་བཞིན་ལ་དཔྱིད་དཔལ་གསར་པ་ཞིག་ཅིས་ཀྱང་བཞད་དགོས་སྙམ།

    ང་ཡི་ཕ་ཡུལ། ང་ཡི་ཡུལ་མི། འཕེལ་རྒྱས་ནི་རིག་གནས་ཀྱི་རྣམ་ཤེས་གསར་པ་ཡིན་པས། ང་ཚོ་ཕ་ཡུལ་གྱི་ཆེད་དུ་ལམ་ལ་ཆས་དགོས་ལ། རྣམ་ཤེས་དེའི་སླད་དུ་འཚར་ལོངས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།