དབུ་ཤོག>བོད་ཀྱི་རིག་གནས།
  • སྒེའུ་ཁུང་འོག་ནས་ཟླ་བ་དྲན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ ངམ་རིང་པད་མ།   |     སྤེལ་དུས།  2022-12-08

    སྲིད་བཞིའི་མཛེས་སྡུག་མ་ལུས་ཚང་བའི་ལྷ།།

    ཡིད་འཕྲོག་ངང་པའི་བུ་མོ་དབྱངས་ཅན་མ།།

    བདག་ཡིད་དྲན་པའི་རྨོངས་པ་ཀུན་སེལ་ནས།།

    བློ་གྲོས་དགའ་བའི་ཤིས་པ་བསྩལ་དུ་གསོལ།།

    ཆར་ལྡན་དབྱར་གྱི་ནམ་ཟླ་ཕར་ལ་ཡོལ།།

    མེ་ཏོག་རྙིང་པའི་ལོ་འདབ་ས་ལ་ཟགས།།

    སྤྲིན་མེད་ནམ་མཁའ་དྭངས་ཤིང་གཙང་ན་ཡང་།།

    ཟླ་བ་མེད་པའི་སྟོན་མཚན་ཡིད་ལ་གཟན།།

    ཉི་མའི་གཟི་མདངས་ནུབ་རིའི་ཕག་ལ་ཡིབ།།

    ལྗོན་ཤིང་ལོ་འདབ་རླུང་གིས་སིལ་བུར་འཁྱེར།།

    སྣ་མང་རྒྱུ་སྐར་ཕྱོགས་མཐར་བཀྲ་མོད་ཀྱང་།།

    མཚན་མོའི་མགོན་གཅིག་དྲན་པ་སུ་ཡིས་འགོག།

    བཅོ་ལྔའི་ཟླ་བ་ཉི་ཤུའི་དཀྱིལ་ནས་ཡལ།།

    གཏིང་མ་ཚེས་དུས་མཇལ་བར་ཞལ་བཞེས་མོད།།

    སྤྲིན་མེད་མཚན་ནག་སྨག་རུམ་ཚེས་དུས་རེར།།

    དྲན་པའི་གདུང་བས་མཁའ་ལ་བཅེར་ནས་ལྟ།།

    ཉི་མ་ནུབ་རིར་བཞུད་པའི་དགོང་ཁའི་དུས།།

    གློག་འོད་ཆུ་ནང་འཕྲོས་པའི་འོད་མདངས་ཤིག །

    སྒེའུ་ཁུང་ངོས་སུ་ཕོག་པ་མཐོང་བའི་མོད།།

    བཅོ་ལྔའི་དུང་ཟླ་ཚེས་སྙན་དྲན་བཞིན་ལྟ།།

    འཇིགས་རུང་སྨག་གིས་རི་ལུང་སྒྲིབ་པའི་འོག །

    ངམ་ནག་བཞིན་གྱི་ཁྲོ་གཉེར་ངོམས་པའི་དུས།།

    དུང་སེམས་འོ་མའི་མདངས་ཅན་བསིལ་ཟེར་མཁན།།

    དྲན་པའི་ཀློང་དུ་འཁོར་བ་ཐེངས་གཅིག་མིན།།

    ལྷིང་འཇགས་མཚན་མོའི་འགྱུ་བ་ཚེས་པའི་རྗེས།།

    ཟླ་བའི་འོད་དཀར་དྲན་པའི་འཁྱམས་པོ་བ།།

    སྒེའུ་ཁུང་འཁྲིས་སུ་དུབ་ཅིང་ཉལ་མོད་ཀྱང་།།

    རྨི་ལམ་མགྲོན་པོས་སེམས་ཀྱི་ཁོར་ཡུག་དཀྲུགས།།

    དུང་དུང་སེམས་ཀྱི་རྒྱལ་མོའི་ཁང་བཟང་ནང་།།

    འོད་ལྡན་དྲན་པའི་གདུང་བ་འགོག་མེད་ཀྱང་།།

    ཚེས་གསུམ་དཀར་ཆུང་མགྲོན་དུ་མ་སླེབས་བར།།

    དགུང་སྔོན་མཐོན་པོར་རེ་བའི་མིག་ཞགས་འཕེན།།

    སྟོན་མཚན་མཁའ་ལ་འོད་དཀར་འཚེར་བའི་དུས།།

    ཉམ་ཆུང་ཀུ་མོད་དགའ་བའི་བྲོ་གར་འཁྲབ།།

    དབྱངས་ཅན་མགྲིན་མཚོར་རོལ་བའི་སྙན་ངག་པས།།

    དྲན་པའི་སྙན་ཚིག་དགུང་སྔོན་དབྱིངས་སུ་འཐོར།།

    མཐོ་བརྗིད་ཤར་རིའི་ཕྲག་པར་བྱོན་བཞེད་པའི།།

    རི་བོང་ཅན་ཁྱོད་དྲན་པའི་གླུ་ཆུང་རེ།།

    སྒེའུ་ཁུང་འོག་ནས་ལྷང་ལྷང་གྱེར་པའི་དུས།།

    རྒྱུ་སྐར་ཚོགས་ཀྱིས་སྐྱོ་ཡའི་གྲོགས་གདན་བྱེད།།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།