དབུ་ཤོག>བོད་ཀྱི་རིག་གནས།
  • ཕ་ཡུལ་གྱི་འཕོ་འགྱུར་འདི་གང་ལས་བྱུང་བ་ཡིན་ནམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ངམ་རིང་པད་མ།   |     སྤེལ་དུས།  2022-12-08

    དུས་རབས་ཀྱི་འཕོ་འགྱུར་ནི་ནམ་མཁའི་སྤྲིན་ལྟར་འགྲོ་མགྱོགས་པའི་དེང་སྐབས། མི་ཚང་མས་གསར་གཏོད་དང་གསར་གཏོད་ཀྱི་བྱ་གཞག་རེ་བཟུང་སྟེ་ཕ་ཡུལ་འཛུགས་སྐྲུན་དང་། མི་ཚེའི་ལམ་བུའི་སྟེང་དུ་སྔར་ལས་ལྷག་པའི་དཔལ་འབྱོར་ལོངས་སྤྱོད་བསོག་ཅིང་། དེ་དག་ལ་བརྟེན་ནས་བདེ་སྐྱིད་འཚོ་བ་བཟང་པོས་དགའ་བདེ་དཔལ་ཡོན་སུམ་རྩེན་གྱི་ཡུལ་ལའང་འགྲན་བཟོད་པའི་དགེ་མཚན་མང་དུ་མངོན་པར་བྱས་ཡོད། དེ་ཡང་སྔོན་དུས་ཀྱིི་འཚོ་བ་རྙིང་པ་དང་བརྡུར་ན། གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་ཆེ་ཞིང་། མི་ཚང་མས་འཚོ་བ་གསར་པ་དང་། འཕེལ་རྒྱས་གསར་པ། འགྱུར་ལྡོག་གསར་པ་བཅས་ལ་བསྟོད་གླུ་ཡང་ལེན་དང་ལེན་མུས་ཡིན་པ་རེད། དེ་ལོས་བདེན། ང་ཚོ་མི་ཞིག་ཡིན་ཕྱིན་འཚོ་བ་རྒྱས་སྤྲོས་དང་། ཕུན་སུམ་ཚོགས་པ་ལ་མི་དགའ་མཁན་ཞིག་སྤྱིར་སྟངས་རི་བོང་གི་རྭ་དང་། མོ་གཤམ་གྱི་བུ་ལྟར་མི་སྲིད་པ་ལྟ་བུ་ཞིག་ཡིན་པ་རེད། མི་ཙམ་མ་ཟད་དུད་འགྲོ་ཡིན་ཡང་ལོངས་སྤྱོད་དང་ཕུན་སུམ་ཚོགས་པ་ལ་མི་དགའ་མཁན་ཅི་ཡང་མེད།

    འདིར་གླེང་འདོད་པ་ནི་ངའི་ཕ་ཡུལ་དང་། དེའི་རྣམ་པ་གསར་པ། འཕེལ་རྒྱས་གསར་པ། འགྱུར་ལྡོག་གསར་པ་བཅས་ཀྱི་སྐོར་ལ་ཡིན། དེ་ཡང་ད་ཆ་ངའི་ཕ་ཡུལ་ནི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་ཏུ་ཞུགས་ནས། མདུན་བསྐྱོད་ཀྱི་ལམ་བུ་ཞིག་ཏུ་མུ་ནས་མུ་མཐུད་དཔུང་འཇུག་བྱེད་བཞིན་ཡོད་པ་ཡིན་ཏེ། སྔོན་དུས་ཀྱི་འཚོ་བ་ལས་དེང་སྐབས་ཀྱི་འཚོ་བ་དང་ལོངས་སྤྱོད་འདི་འཕོ་འགྱུར་ཤིན་ཏུ་ཆེ་བ་མངོན་པས་སོ། །ད་ཆ་ངའི་ཕ་ཡུལ་ནི་མཛེས་སྡུག་དང་ལང་ཚོས་སྤྲས་པའི་ཀླུ་རྒྱལ་ཞིག་དང་འདྲ་བར། དགོས་འདོད་ཀྱི་ཡིད་བཞིན་ནོར་བུ་ལག་ཏུ་ཡོད་ཕྱིན་ཅི་ཡང་བྱ་རུ་བཏུབ་པ་བཞིན་དུ་སྔར་མེད་ཀྱི་གཞུང་ལམ་དང་། གློག་ཆས། དྲ་འཕྲིན་སོགས་མདོར་ན་འཚོ་བའི་ཡོ་བྱད་ཕུན་སུམ་ཚོགས་པ་ཞིག་ཏུ་མངོན། ངས་འདས་ཟིན་པའི་ཕ་ཡུལ་དང་འཚོ་བ་སོགས་ལོ་རྒྱུས་ལ་ཕྱིར་དྲན་ཞིག་བྱེད་སྐབས། ད་ལྟའི་དུས་ཀྱི་ངའི་ཕ་ཡུལ་གྱི་རྣམ་པ་གསར་པ་དང་། འཚོ་བ་གསར་པ་འདི་ནི་སྔོན་མ་ལས་ལྡབ་མང་པོའི་འཕོ་འགྱུར་བྱུང་བ་ཤེས་བྱུང་།

    གཟིགས་དང་། མཐོ་སྒང་གི་ཡུལ་གྲུ་འདི་ནས་མཛེས་ཤིང་ལྟ་ན་སྡུག་པའི་ངའི་ཕ་ཡུལ་གྱི་ཕྱོགས་ལ། ངའི་ཕ་ཡུལ་འདི་ནི་འཕོ་འགྱུར་གྱི་རྟ་ཕོར་གཞོན་པའི་རྟ་རྩལ་བ་ཞིག་དང་འདྲ་སྟེ། མགྱོགས་ནས་མགྱོགས་སུ་འཚོ་བ་གསར་བའི་ལམ་བུ་ཞིག་ཏུ་བསྐྱོད་པར་བྱེད་ལ། ངའི་ཕ་ཡུལ་འདི་ནི་ལང་ཚོ་དར་ལ་བབས་པའི་ཡིད་འཕྲོག་མཛེས་པའི་བཞིན་རས་ཤིག་དང་འདྲ་སྟེ། སྔོ་ལྗང་ཅན་གྱི་སྤང་ལྗོངས་མཚམས་ནས་ཁྲ་མཆིལ་ལེར་མཛེས་པའི་རྣམ་པ་གསར་པས་སྤྲས་ནས་འདུག ཕ་ཡུལ་ནི་ཆེས་དགའ་བའི་མ་ཡུམ་ཞིག་ཡིན་ཏེ། ཁྱེད་ཀྱི་པང་དུ་འཚར་ལོངས་བྱུང་བའི་བུ་ཕྲུག་ང་ཚོས་ནམ་ཡང་ཁྱེད་ཀྱི་གམ་དུ་འཚོ་བར་འདོད་ཅིང་ཡོད། ཕ་ཡུལ་ལགས། ཁྱེད་ཀྱི་འཕེལ་རྒྱས་གསར་པ་འདི་ནི་གང་ནས་བྱུང་བ་ལགས་སམ། འདི་དག་ལ་ཞིབ་ཏུ་བསམ་ན་འདི་ཡང་རྒྱུ་དང་རྐྱེན་ཅི་ཡང་མེད་པར་ནམ་མཁའ་ནས་འབབ་པ་དང་། ས་གཞི་ནས་བརྡོལ་བ་ལྟ་བུ་གང་ཡང་མ་ཡིན་པར། འདི་ནི་ང་ཚོའི་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་ཁྱིམ་བདག་ལྟ་བུར་གྱུར་བའི་ཏང་གི་བཀའ་དྲིན་རེད། རེད་ཨང་། དཔེར་ན་ཁྱིམ་ཚང་ཞིག་ཕྱུག་འགྱུར་ལམ་བུར་བསྐྱོད་དགོས་ན། སྤྱིར་ཁྱིམ་ཚང་དེའི་མི་ཚང་མ་ལ་རག་ལས་པ་ཞིག་ཡིན་ཀྱང་། གཙོ་བོ་ནི་ཁྱིམ་བདག་གམ་གཙོ་འཛིན་པ་དེར་རག་ལས་ཏེ། དེའི་འཇོན་ཐང་དང་བཀའ་དྲིན་ལ་བརྟེན་ནས་ཁྱིམ་ཚང་དེ་སྔར་ལས་ལྷག་པའི་འཚོ་བ་དང་། རྒྱུ་ནོར་ལོངས་སྤྱོད་སོགས་མདོར་ན་ཕུན་སུམ་ཚོགས་པ་ཐམས་ཅད་བྱུང་བཞིན་པ་རེད། ང་ཚོའི་ཕ་ཡུལ་གྱི་རྣམ་པ་དང་། འཕོ་འགྱུར་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འདི་ལ་བལྟས་ཏེ་ཏང་གི་བཀའ་དྲིན་སེམས་ལ་བརྟན་པོར་བཅངས་ཡོད། ང་ཚོས་ཕ་ཡུལ་གྱི་རྣམ་པ་གསར་པ་འདི་ལ་ཡང་ནས་ཡང་དུ་དྲན་གསོ་ཞུ་ཞིང་ཡོད་ལ། འཚོ་བ་གསར་བ་དང་། འཕེལ་རྒྱས་ཀྱི་སྤྱི་ཚོགས་འདི་དག་ལ་བསྟོད་པའི་གླུ་དབྱངས་གངས་ལྗོངས་ས་མཐོའི་ལྗོངས་ནས་ལེན་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།