དབུ་ཤོག>བོད་ཀྱི་རིག་གནས།
  • རིམས་འགོག་གི་བློ་བསྐྱེད་ཐན་ཐུན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  གཡུང་དྲུང་ཚེ་དབང་།   |     སྤེལ་དུས།  2022-11-07

    རྐང་ཐུང་གཡུ་ལོ་རྒྱས་པས་སྔོ་ལྗང་ལྗང་། །མེ་ཏོག་སྣ་ཚོགས་བཞད་པས་ཁྲ་ལམ་ལམ། །ཁུ་བྱུག་མགྲིན་རྔ་རྡུང་བའི་སྒྲ་ལྷང་ལྷང་། །ཞིང་ཐང་ལོ་ལེགས་སྙེ་མ་ལྡེམ་འཁྱུག་འཁྱུག །ཅེས་དབྱར་གྱི་དུས་བཟང་ལ་མི་བསྟོད་ཅི་ལ་སྲིད། སྔོ་ལྗང་གི་ལྗོན་ཤིང་དང་ཁྲ་ཚོམ་གྱི་མེ་ཏོག ཁུ་བྱུག་གི་གསུང་སྐད། དྭངས་གཙང་གི་ཆུ་ཕྲན། ཞིང་ཐང་གི་ལོ་ཏོག ནེའུ་གསིང་གི་གླིང་ག་བཅས་ནི་དབྱར་དུས་ཀྱིས་མི་རྣམས་ལ་ངོམ་བཞིན་པའི་དུས་ཀྱི་དཔལ་ཡོན་རེད་ལ། རང་བྱུང་གིས་སྐྱེ་འགྲོར་སྦྱིན་པའི་གནང་སྦྱིན་ཡང་རེད།

    དེ་ཡང་ནམ་མཁའ་སྔོ་ཞིང་བསངས་བ་དང་། ཆུ་མོ་དྭངས་ཤིང་གཙང་བ། མཁའ་རླུང་བསིལ་ཞིང་འཇམ་པ་ནི་ཡུལ་ཁ་བ་གངས་ཅན་གྱི་དབྱར་དུས་ཀྱི་རང་མདངས་རེད། ལོ་ལྟར་དབྱར་གྱི་དུས་བཟང་འཆར་རིམ་བཞིན། ཕྱི་བཀོད་པ་ལེགས་པའི་རི་བོ་གངས་ཅན་གྱི་མཛེས་ལྗོངས་དང་ནང་རྨད་དུ་བྱུང་བའི་རིག་གནས་ཀྱི་ལོ་རྒྱུས། དེ་བཞིན་ཡར་ངོའི་ཟླ་ལ་འགྲན་པའི་དེང་རབས་འཕེལ་རྒྱས་ཀྱི་གྲུབ་འབྲས་བཟང་པོས། ཕྱོགས་བཞིའི་ཡུལ་གྲུ་ཁག་ནས་ཡུལ་སྐོར་ལ་ཕེབས་པའི་འཛམ་གླིང་སྐྱེ་འགྲོ་ཀུན་གྱི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་པར་མ་ཟད། འདི་ནི་འཛམ་གླིང་གི་ཆེས་མཐའ་མའི་ས་གཙང་རེད་ཅེས་མ་གྲོས་གཅིག་མཐུན་གྱིས་བསྔགས་བརྗོད་ཀྱི་སྒྲ་དབྱངས་ཕྱོགས་བཅུ་ཀུན་ལ་སྒྲོག་པར་བྱེད་ལ། ལྷག་པར་དུ་ཉེ་བའི་ལོ་ཤས་རིང་འཛམ་གླིང་གི་ས་ཕྱོགས་གང་སར་ཁྱབ་པའི་ཏོག་གསར་གློ་ཚད་ཀྱིས་སྐྱེ་བོ་མང་པོའི་ལུས་ཕུང་གཙེས་ནས། མི་རྣམས་ལ་སྡུག་བསྔལ་མང་པོ་བཟོས་ཡོད་ན་ཡང་། བོད་ལ་ད་ལོའི་དབྱར་ཁའི་གོང་ལ་ཏོག་དབྱིབས་ནད་དུག་གིས་འཚེ་བ་གང་ཡང་བྱུང་མེད་པས། དངོས་གནས་ངོ་མཚར་སྐྱེ་དགོས་པ་ཞིག་རེད་ཅེས་བསྟོད་བསྔགས་ཀྱི་མཐེ་བོང་བསྒྲེངས་དང་སྒྲེང་བཞིན་ཡོད། རེད་ཨང་། འདས་ཟིན་པའི་ལོ་ཟླའི་ནང་བདུད་རྒན་ཏོག་གསར་གྱིས་བོད་ལ་ནད་ཡམས་ཀྱི་བཙན་འཛུལ་གཏན་ནས་བྱེད་མ་མྱོང་པར། གནས་འདིར་འཚོ་བཞིན་པའི་སྐྱེ་འགྲོ་ཀུན་བདེ་ཞིང་སྐྱིད་པའི་ངང་འཚོ་བར་རོལ་རྒྱུ་བྱུང་བ་ནི། ཡུལ་མཆོག་གི་ཁྱད་འཕགས་དང་རིམ་ཁག་སྲིད་གཞུང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་ཡང་དག་པའི་སྔོན་འགོག་གི་བྱ་ཐབས་དག་ལ་བརྟེན་ནས་བྱུང་བ་རེད།

    ཚ་གདུག་གིས་མནར་བའི་ད་ལོའི་ཧོར་ཟླ་དྲུག་པའི་ཉིན་ཞིག་ལ་བདུད་རྒན་ཏོག་གསར་གློ་ཚད་ཀྱིས་སྔོན་བརྡ་སྤུ་ཙམ་མེད་པའི་ཐོག་ནས། གློ་བུར་དུ་རིམས་ནད་ཀྱི་དཔུང་བོད་ཀྱི་ས་ཆ་གང་སར་བཤམས་ནས་སྔ་རྗེས་སུ་སྟོད་མངའ་རིས་ཁུལ་དང་། བར་དབུས་གཙང་། སྨད་ཆབ་མདོའི་རྒྱུད་བཅས་ཀྱི་གྲོང་དང་གྲོང་ཁྱེར་གྱི་འགག་སྒོ་ཐ་དག་ལས་བརྒལ་ཏེ། མི་འདུ་ས་ཡོད་དོ་ཅོག་ལ་འཛུལ་ནས་གཡུལ་གྱི་དཔུང་དྲག་པོ་ཞིག་བཤམས། ཏོག་དབྱིབས་ནད་དུག་གིས་ལོ་ན་རྒན་གཞོན་དང་ཕོ་མོའི་དབྱེ་བ། དབུལ་ཕྱུག་གི་ཁྱད་པར། དེ་བཞིན་བློ་རིག་སྤྱང་གླེན་བཅས་ལ་མ་བལྟོས་པར་གང་ལྟར་ཁོ་དང་འབྲེལ་འདྲིས་བྱུང་བའི་མི་ལ་རིམས་ནད་ཀྱི་དུག་རྒྱུ་བཏབ་ནས་མི་རྣམས་སྡུག་བསྔལ་གྱི་གནས་སུ་གྱར་དུ་བཅུག དེ་ལྟར་རེ་ཞིག་ཧོན་འཐོར་བ་དང་འཇིགས་ཡེར་བ། དངངས་ཤིང་སྐྲག་པ་ཞིག་བཟོས་པ་མ་ཟད། ཧ་ཅང་སྐྱི་གཡའ་བའི་རྣམ་འགྱུར་སྟོན་པ་སྐབས་ཤིག་རིང་དང་ལེན་བྱེད་ཐབས་བྲལ། དེའི་མཚམས་སུ་ལ་ལ་ན་རེ། འདི་འདྲའི་དཔེ་ལ། བོད་ལ་ཏོག་དབྱིབས་ནད་དུག་སླེབས་ཡོང་བསམ་པ་མ་བྱུང་། ད་ཡིན་ན་ཇི་ལྟར་བྱ་ཟེར་བ་དང་། ཡང་ལ་ལ་ན་རེ། ནད་དུག་དེ་ནི་ཇི་ལྟར་སླེབས་པ་ཡིན་ནམ། མི་མང་པོ་ཞིག་ལ་ཁོས་འཚེ་བ་བྱས་མེད་དམ། ད་ལྟ་ཁྱབ་ཆེ་ལོས་ཡོད་དམ། ད་ཡིན་ན་ཆག་སྒོ་བསླངས་པ་རེད། ཁ་གཏད་ཇི་ལྟར་གཅོག་དགོས་སམ་ཞེས་མགོ་བོ་གཡུག་གཡུག་བྱེད་པ་ལས་གཞན་ཐབས་ཤེས་ཟད། ཏོག་དབྱིབས་ནད་དུག་གིས་དཔུང་འཇུག་བསྟུད་མར་བྱས་རྐྱེན་བོད་ཀྱི་ས་ཆ་མང་པོར་ནད་དཔེ་ཐོན་ནས་འཁྱུག་ཙམ་ཞིག་ལ་མི་རྣམས་ཀྱི་འཚོ་བ་དང་སྤྱི་ཚོགས་ཀྱི་ཐོན་སྐྱེད་འཕེལ་རྒྱས་སོགས་ལ་ཤུགས་རྐྱེན་མི་ཉུང་བ་བཟོས། གལ་ཏེ་ཁོ་ནི་སྲོག་གི་དབང་པོ་ཞུགས་པ་ཞིག་ཡིན་ཚེ། ཁོ་ན་རེ། ངས་དྲངས་པའི་ཏོག་དབྱིབས་ནད་དུག་གི་དམག་ལ་ཚུར་རྒོལ་བྱེད་མཁན་གྱི་དཔུང་ནི་མཐོང་རྒྱུ་མི་འདུག ཕལ་ཆེར་བོད་ཀྱི་སྐྱེ་འགྲོ་དེ་དག་ངའི་དཔུང་ལ་འཇིགས་ནས་རྒོལ་བར་མ་ནུས་པ་མིན་ནམ་བསམ་སྟེ་ང་རོའི་སྐད་སྒྲ་སྒྲོག་བཞིན་པའི་སྐབས་དེར། གློ་བུར་དུ་ནམ་མཁའ་ནས་འབྲུག་སྒྲ་ལྡིར་བ་ལྟར་རང་ལྗོངས་ཀྱི་གྲོང་དང་གྲོང་ཁྱེར་ཐ་དག་ནས་རིམས་ནད་ལ་ཕར་རྒོལ་བྱེད་པའི་དུང་བརྡ་གཅིག་རྗེས་གཉིས་མཐུད་དུ་བསྒྲགས་པ་དང་། ཕར་རྒོལ་གྱི་དཔུང་ནི་སྟེང་ཕྱོགས་ལྷ་ཡི་ཡུལ་ནས་ལྷགས་པའི་ལྷ་དམག་བཞིན་འཁྱུག་ཙམ་ཞིག་ལ་གྲོང་དང་གྲོང་རྡལ་ཡོངས་ཁེངས་པར་བྱས་ཤིང་། དཔུང་དེ་ནི་སྤྱིར་བཏང་གི་དཔུང་ཞིག་མ་ཡིན་པར། དེ་དག་ནི་སྙིང་རྗེ་ཆེ་བའི་གོས་དཀར་ལྷ་རྗེ་དང་། ལྷག་བསམ་དག་པའི་ཏང་ཡོན་མི་སྣ། བློ་དཀར་བའི་གཤམ་སྐྱོད་ལས་བྱེད། དཔའ་ངར་ཆེ་བའི་སྤྱི་བདེའི་ལས་མི། སྙིང་སྟོབས་ལྡན་པའི་མེ་གསོད་རུ་ཁག རྣམ་དག་ཅན་གྱི་དང་བླངས་པ་བཅས་རེད་ལ། ད་དུང་སྤྱི་ཕན་བྱ་གཞག་ལ་སྤྲོ་བའི་དམངས་གཉེར་ཁེ་ལས་པ་བཅས་ལས་གྲུབ་པའི་དཔུང་ངར་མ་ཞིག་རེད། ཁོ་ཚོས་རིམས་ནད་ཀྱི་མདུན་དུ་དཔའ་ངར་ཆེར་སྐྱེད་ཀྱིས་རང་འགན་ཕྲག་ཏུ་ཁུར་ནས། ཞུམ་པ་མེད་པའི་དཔའ་ངར་དང་། ཉམས་པ་མེད་པའི་སྙིང་སྟོབས་ཀྱི་གོ་ཆ་སྤྲས་ཏེ་ཏོག་གསར་དཔུང་གི་མདུན་བསུས།

    ནད་ཡམས་ལ་སྙིང་རྗེ་མེད་ཀྱང་མི་ཡུལ་ལ་བརྩེ་བ་ཡོད། མ་གཞི་གདུག་རྩུབ་དང་སྙིང་རྗེ་སྤུ་ཙམ་མེད་པའི་ཏོག་གསར་གློ་ཚད་ཀྱིས་འཁྱུག་ཙམ་ཞིག་ལ་ང་ཚོའི་ཚེ་སྲོག་ལ་ཉེན་ཁ་དང་འཚོ་བར་བརྡབ་གསིག་ཆེན་པོ་བཟོས་ནའང་། ཚེ་སྲོག་གོང་དུ་བཀུར་བ་དང་མི་དམངས་གོང་དུ་བཀུར་བ་རྩ་དོན་དུ་བཟུང་པའི་གོང་རིམ་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་དང་། གོས་དཀར་ལྷ་རྗེའི་མཆོག་ཏུ་གྱུར་པའི་སྨན་བཅོས་ལག་རྩལ། ལྷག་བསམ་ཟོལ་མེད་དང་སྙིང་སྟོབས་ཆེར་སྐྱེད་ཀྱིས་འཐབ་ས་དང་པོར་སྐྱོད་མཁན་གྱི་དཔའ་བོ་ཚོའི་བརྩེ་སེམས་དང་། ལེགས་སྐྱེས། འབད་བརྩོན། ད་དུང་སྤུན་ཟླ་ལྟ་བུའི་ཁ་གཏད་བོད་སྐྱོར་གྱི་ཞིང་ཆེན་ཁག་ནས་འཕྲལ་མར་མངཌ་པའི་སྨན་པ་དང་། སྨན་རྫས་ཀྱི་རོགས་སྐྱོར། བོད་ལུགས་གསོ་བ་རིག་པའི་སྨན་དཔྱད་འབྲས་བུའི་གཞོགས་འདེགས་བཅས་ཀྱི་འོག འཛམ་གླིང་ཡང་རྩེའི་ཡུལ་གྲུ་འདི་ལ་གང་མགྱོགས་ཉིན་བྱེད་དབང་པོའི་གཟི་མདངས་གསལ་ལྷམ་མེར་འཕྲོས་ནས། མི་གཙང་བའི་ནད་དུག་གི་དགྲ་བོ་ཕྱིར་བསྐྲད་དེ། སྔར་བཞིན་ཞི་བའི་ཞིང་ཁམས་ཤིག་དང་བདེ་སྐྱིད་ཀྱི་འཚོ་བ་ཞིག་ལ་རོལ་བར་ཐེ་ཚོམ་སྤུ་ཙམ་མེད།

    ཐེངས་འདིའི་ནད་ཡམས་ཀྱིས་ང་ཚོར་སྤྲད་པའི་བསླབ་བྱ་ནི་ཚ་ཐག་ཆོད་ཡིན་པས། ང་ཚོས་ནམ་ཡང་དེ་སྙིང་དབུས་སུ་བཅངས་ཏེ། མ་འོངས་ཀྱི་ལོ་ཟླར་ཚན་རིག་ལ་དགའ་ཞེན་གྱིས་གཙང་སྦྲ་འཕྲོད་བསྟེན་ལ་དང་དོད་དང་། ཤེས་བྱ་ཡོན་ཏན་ལ་དགའ་ཞེན་གྱིས་རིག་པའི་འཇོན་ནུས་སྐྱེད་པ། ཆོས་ཉིད་ལ་བསྟུན་མཁས་ཀྱིས་བྱ་ལུགས་ཚུལ་བཞིན་སྐྱོང་བ། དུས་བསྟུན་མཉམ་སྐྱོད་ཀྱིས་མདུན་སྐྱོད་ཀྱི་གོམ་སྟབས་འཚོལ་བ་བཅས་བྱེད་དགོས་ཤིང་། བསླབ་བྱ་བརྒྱ་ལས་སྣ་བསུན་གཅིག་དགའ་ཞེས་པའི་དཔེ་བཞིན། འཛམ་གླིང་སྤྱི་འགྲོས་དང་བསྟུན་ནས་གང་ས་ཅི་ཐད་ལ་འབད་པ་ལྷག་ཏུ་བསྲིངས་ནས། མ་འོངས་ཀྱི་ལམ་བུ་ཡངས་པོ་ཞིག་གཤོང་དགོས་པ་ནི་དུས་རབས་འདི་དང་འདི་ཡི་བདག་པོ་རྣམས་ལ་འགན་དུ་བབས་འདུག་སྙམ་མོ།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།