དབུ་ཤོག>བོད་ཀྱི་རིག་གནས།
  • དེ་རིང་ཁ་བ་བབས་བྱུང་། ང་རང་ཕ་མ་དྲན་བྱུང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ང་རོའི་འཚེར་སྒྲ།   |     སྤེལ་དུས།  2022-11-07

    དེ་རིང་སློབ་གླིང་གི་དབུས་སུ་ཁ་བ་བབས་བྱུང་། ཁ་བ་དལ་དལ་ལྷོད་ལྷོད་ངང་བབས་བྱུང་། ཁ་བ་བབས་པ་ན་མི་རྣམས་ཀྱིས་ཁ་བ་གླེང་བྱར་བརྩི་བཞིན་ཁ་བའི་རིན་ཐང་དང་འབྱུང་ཁུངས་སོགས་ལ་རྩོད་བཞིན་མཆིས།

    དེ་ལྟར་ང་ཡང་ཁ་བའི་ཕྱོགས་ལ་སེམས་པ་འཁྲེང་སོང་། གཞན་དང་འདྲ་བར་རེ་ཞིག་ཁ་བ་གླེང་བར་འདོད། ངས་ཁ་བ་ཡིད་འོང་གི་ལྷ་མོའི་གཟུགས་སུ་སྒྲོ་བཏགས་ནས་ཁ་བའི་གར་གྱི་སྟངས་སྟབས་དང་ལུས་ཀྱི་སྒེག་ཉམས་སོགས་མཛེས་སྡུག་ཇི་སྙེད་ཅིག་གླེང་བའི་དུས་དེར། རང་དབང་མེད་པར་རྒྱང་རིང་གི་ཕ་ཡུལ་དྲན་བྱུང་།

    དེ་རིང་ངའི་ཕ་ཡུལ་དུ་ཁ་བ་བབས་ཡོད་དམ། བབས་ཡོད་ཚེ། དེ་སྔོན་ལྟར་དངུལ་དཀར་གྱི་ཞིང་ཁམས་དེ་རང་ཡིན་ནམ། ཁ་བ་བབས་ཡོད་ཚེ་བདག་གི་ཨ་མ་ནི་སྔར་ལོ་ལྟར་བུ་ཕྲུག་དང་མཉམ་དུ་གངས་ཀྱི་དབུས་སུ་གངས་མི་བཟོ་བ་དང་། གངས་རྩེད་རྩེ་བ། གངས་ཤུད་གློད་པ་སོགས་ཀྱི་དགའ་རྩེད་ལ་རོལ་བཞིན་ཡོད་པ་ཡིན་ནམ། ཁ་བ་ཕ་ཡུལ་གྱི་ཕྱོགས་སུ་བབས་ཡོད་ཚེ། བདག་གི་ཨ་ཕ་ནི་སྔ་ལོ་ལྟར་ངའི་ཕྱོགས་སུ་ཕེབས་བཞིན་ཡོད་དམ།

    འོན་ཏེ། མནོ་བསམ་ཞིག་བཏང་བ་ཡིན་ན་དེ་ལྟ་བུའི་སྣང་ཚུལ་ཞིག་འབྱུང་མི་སྲིད། ཨ་མ་ནི་སྔར་རྒྱུན་ལྟར་ཐབ་ཁའི་ཟུར་ངོས་ན་བུ་ཕྲུག་ཚོའི་བདེ་སྐྱིད་ཀྱི་དོན་དུ་ལང་ཚོ་མེ་རུ་སྲེག་བཞིན་ཡོད། ཨ་ཕ་ནི་སྔར་རྒྱུན་ལྟར་ཁྱིམ་ཚང་འདི་ཡི་སླད་དུ་དཀའ་ཚེགས་ཀྱི་ལས་ཀ་ལྕི་མོའི་ཁྲོད་ལང་ཚོའི་ཟུངས་ཁྲག་ཉམས་བཞིན་ཡོད། གལ་ཏེ། ད་དུང་ཕ་ཡུལ་ལ་ཁ་བ་ཞིག་འབབ་པ་ཡིན་ན། ང་རང་ཡིད་སེམས་སྐྱོ་འོང་། ང་རང་མིག་ཆུ་འཆོར་འོང་། གང་ལགས་ཤེ་ན། ཁ་བ་འབབ་པའི་དུས་དེར། ངའི་ཨ་མའི་དབུ་སྐྲ་དཀར་པོར་འགྱུར་ངེས་རེད་ལ། ཁ་བ་འབབ་པའི་དུས་དེར། ངའི་ཨ་ཕའི་ཞལ་ར་ཡང་དཀར་པོར་འགྱུར་ངེས་རེད་ལགས།

    ཁ་བ་དེ་གླེང་བྱར་བྱེད་དུས། ཁ་བ་ནི་བདེ་སྐྱིད་ཀྱི་ལམ་སྣེ་འདྲེན་མཁན་གྱི་ཁ་བ་ཡིན། ཡང་ཁ་བ་བརྗོད་བྱ་རུ་བྱེད་དུས། ཁ་བ་ནི་སྐྱོ་གདུང་གི་ཡོལ་སྒོ་འཐེན་མཁན་གྱི་ཁ་བ་ཡིན། དེ་རིང་ཁ་བ་བབས་བྱུང་། ཁ་བ་བབས་པས་ཕ་མ་དྲན་བྱུང་། ཁ་བ་ཡ། ཁ་བ……

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།