དབུ་ཤོག>བོད་ཀྱི་རིག་གནས།>མངོན་མིན་རིག་གནས་ཤུལ་བཞག>ལག་རྩལ།
  • ས་སྨད་གྲོང་ཚོའི་སླེལ་བསླས་ལག་རྩལ་གྱི་དྲི་བསུང་བསེར་བུས་ཕྱོགས་བཞིར་འཁྱེར།

    སླེལ་བསླས་ལག་རྩལ་གྱི་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་བསམ་གཏན་དབང་འདུས་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-22

    བོད་ཀྱི་ས་ཆ་གང་སར་གཅིག་རྗེས་གཉིས་མཐུད་ངང་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་པའི་མཚམས་སུ། གསར་འགོད་པས་ལག་ཏུ་པར་ཆས་བཟུང་ནས་ཆུ་ཤུར་རྫོང་ཚ་རགས་ཤང་ས་སྨད་གྲོང་ཚོའི་སླེལ་བསླས་ལག་རྩལ་གྱི་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་བསམ་གཏན་དབང་འདུས་ལ་བཅར་འདྲི་བྱེད་པར་བསྐྱོད་པ་ཡིན། གསར་འགོད་པ་བགྲེས་སོང་བསམ་གཏན་དབང་འདུས་ཀྱི་སྒོ་འགྲམ་དུ་འབྱོར་སྐབས། ཁོང་གིས་སྤྲོ་སེམས་འཁོལ་པོས་བསུ་མ་བྱས་ནས་མངོན་མིན་རིག་གནས་ཤུལ་བཞག་སྐོར་གྱི་བཅར་འདྲི་དང་ལེན་བྱས་བྱུང་།  

    ཆུ་ཤུར་རྫོང་ཚ་རགས་ཤང་ས་སྨད་གྲོང་ཚོའི་རྣམ་པ།

    ལྷ་ས་ནས་ཆུ་ཤུར་རྫོང་གི་ས་སྨད་གྲོང་ཚོའི་བར་དུ་ལམ་ཐག་སྤྱི་ལེ་94ཙམ་ཡོད་པ་དང་། ས་སྨད་གྲོང་ཚོའི་ས་བབ་མཐོ་ཚད་རྒྱ་ཚོའི་ངོས་ལས་སྨི་3876.5ཙམ་ཡོད་པ་རེད། གྲོང་མིའི་ངག་རྒྱུན་ལྟར་ན་ས་སྨད་གྲོང་ཚོར་ཕ་མེས་ཀྱི་དུས་ནས་སླེལ་བསླས་ལག་རྩལ་དར་སྲོལ་ཆེན་པོ་ཡོད་པས། སླེལ་བསླས་ནི་ས་སྨད་གྲོང་ཚོའི་མཚོན་བྱེད་རྣལ་མ་ཞིག་ཡིན་པ་དང་། གྲོང་ཚོ་དེ་གའི་མིང་བྱང་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད། སྔོན་གྱི་དུས་སུ་གྲོང་ཚོ་དེར་སླེལ་བསླས་ལག་རྩལ་དར་ཁྱབ་ཆེན་པོ་བྱུང་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ནི། གྲོང་ཚོ་དེར་ཞིང་ཆུ་དཀོན་པོ་ཡོད་པའི་དབང་གིས་ཞིང་ཁ་ཕོན་ཆེན་པོ་འདེབས་ཐབས་བྲལ་བས། ཞིང་ལས་གཅིག་པུ་འཚོ་རྟེན་དུ་བྱས་ན་འགྲིག་ཐབས་གཏན་ནས་མེད་པར་བརྟེན། གྲོང་ཚོ་དེའི་ཕ་མེས་ཚོས་ཁྱིམ་ཚང་གི་འཚོ་ཚིས་དོན་དུ་ཞིང་ལས་ཀྱི་ཞོར་དུ་ལག་རྩལ་ཞིག་སྦྱངས་པ་ཡིན་ཤས་ཆེ།

    བགྲེས་སོང་བསམ་གཏན་དབང་འདུས་ཀྱིས་གཞོག་རྒྱག་བཞིན་པ།

    ངག་སྒོ་ཡངས་ཤིང་སེམས་རྩ་འཁོལ་བའི་བགྲེས་སོང་བསམ་གཏན་དབང་འདུས་ད་ལོ་ལོ་71ཡིན་པ་དང་། ས་སྨད་གྲོང་ཚོའི་ས་སྐྱེས་རྡོ་སྐྱེས་ཀྱི་མི་ཞིག་ཡིན་པ་རེད། བགྲེས་སོང་ཁོང་གི་ཆུང་མ་ཡང་གྲོང་ཚོ་དེར་འཚོ་ཞིང་གཞིས་པའི་ཞིང་པ་ཞིག་ཡིན་པས། བཟའ་ཚོ་གཉིས་པོས་རང་གི་སྐྱེས་ས་འཚར་སའི་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་ནི་ཤིན་ཏུ་ཟབ་མོ་ཡོད་པ་སྨོས་ག་ལ་དགོས། ཁོང་རྣམ་གཉིས་འཇིག་རྟེན་མཐུན་འཇུག་གི་གཉེན་གྱི་དགའ་སྟོན་ལ་རོལ་རྗེས་སྔ་རྟིང་དུ་ཕྲུ་གུ་དགུ་བྱུང་ཡོད་པ་རེད། ཕྲུ་གུ་ཚོས་རང་རང་གི་ཕུགས་འདུན་དོན་དུ་འབད་འབུངས་ཡར་བརྩོན་བྱས་དང་བྱེད་མུས་ཡིན་པ་དང་། ཕྲུ་གུའི་ཁྲོད་ནས་བཀྲ་ཤིས་ཚེ་རིང་ནི་ཆུང་དུས་ནས་སླེལ་བསླས་ལག་རྩལ་ལ་སྤྲོ་བ་རབ་ཏུ་ཡོད་མཁན་ཞིག་ཡིན་པས། ཁོང་གིས་སླེལ་བསླས་ལག་རྩལ་ལ་ལྷག་བསམ་རྨ་མེད་བཅངས་ནས་རང་གི་ཨ་ཕའི་སླེལ་བསླས་ལག་རྩལ་མུ་མཐུད་རྒྱུན་འཛིན་བྱ་རྒྱུའི་ལམ་དུ་ཞུགས་ཡོད་པ་རེད།

    སླེལ་བསླས་ལག་རྩལ་གྱི་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་ཤུལ་བཞག་གི་རྒྱུན་འཛིན་པ་བསམ་གཏན་དབང་འདུས་ཀྱི་ཁྱིམ་རྒྱུད་ནི་ཞིང་ལས་ཀྱི་ཞོར་དུ་ཕ་མེས་ཀྱིས་བཞག་པའི་ནོར་བུ་སླེལ་བསླས་ལག་རྩལ་ལ་དོ་སྣང་ཆེན་པོ་བྱེད་མཁན་ཞིག་ཡིན་པས། ཁོར་ཡུག་དེས་ནང་མི་རྣམས་ལ་སླེལ་བསླས་ལག་རྩལ་སྦྱོང་བའི་མཐུན་རྐྱེན་བཟང་པོ་བསྐྲུན་ཡོད་པ་རེད། བགྲེས་སོང་བསམ་གཏན་དབང་འདུས་རང་ལོ་བཅུ་གསུམ་ཙམ་ནས་རང་གི་ཨ་ཕའི་འགྲམ་ནས་སླེལ་བསླས་ལག་རྩལ་སྦྱོང་འགོ་ཚུགས། གསར་འགོད་པས་ཁོང་ལ་སླེལ་བསླས་ལག་རྩལ་ཐོག་མར་སྦྱོང་བའི་བསམ་བློ་གང་འདྲ་བྱས་ནས་འཁོར་བྱུང་ཞེས་འདྲི་སྐབས། ཁོང་གིས“རང་ཉིད་ཀྱི་དྲན་པའི་རྩིག་ལྡེབས་སུ་གསལ་པོར་ངེས་པ་ནི་རང་ཉིད་ཆུང་ངུའི་དུས་སུ། རང་གི་ཨ་ཕས་སླེལ་བསླས་ཚར་རྗེས་ས་ཆ་གཞན་དུ་རང་གི་ལག་ཤེས་ཐོན་རྫས་བསྣམས་ནས་མར་དང་འབྲུ་སོགས་དང་བརྗེ་རེས་བྱེད་ཀྱི་འདུག སྐབས་དེར་རང་ཉིད་ཀྱི་བསམ་བློའི་ནང་སླེལ་བསླས་ནི་ལྟོ་གོས་གལ་ཆེན་ཞིག་ཡིན་པ་ཚོར་བྱུང་། ཕྱིས་སུ་རང་ཉིད་ནར་སོན་ནས་རང་ལ་དབང་བའི་ཁྱིམ་གཞིས་དྲོན་མོ་གསར་དུ་བཙུགས་རྗེས་འཚོ་ཚིས་ཀྱི་དོན་དུ། རང་གི་ཨ་ཕའི་འཚོ་ཐབས་ལ་ལད་མོ་བྱས་ཏེ་འཚོ་བ་སྐྱེལ་དགོས་བསམས་ནས་སླེལ་བསླས་ལག་རྩལ་སྦྱོང་བའི་འདུན་པ་དྲག་པོ་སྐྱེས་བྱུང ”ཞེས་བཤད།  

    སླེལ་བསླས་ཀྱི་ལག་ཆ་ཁག

    ཁོང་ལ་སྔ་ས་ནས་མུ་མཐུད་དུ་སླེལ་བསླས་ལག་རྩལ་རྒྱུན་འཛིན་བྱ་རྒྱུའི་བསམ་བློ་ཡོད་པ་མ་ཟད། ཐེངས་ཤིག་ཁོང་སྐུ་ཞབས་ལྷག་པ་ཚེ་རིང་དང་མངོན་མིན་རིག་གནས་ཤུལ་བཞག་སྐོར་གཏམ་གླེང་ལྷུག་པོར་བྱས་པ་དེས། སླེལ་བསླས་འཛིན་སྐྱོང་བྱ་རྒྱུའི་བསམ་བློ་བརྟན་དུ་སོང་བ་དང་། སླེལ་བསླས་ལ་དགའ་ཞེན་དེ་བས་ཆེ་རུ་ཕྱིན་ཡོད་པ་རེད། སྐུ་ཞབས་ལྷག་པ་ཚེ་རིང་ནི་མཁྱེན་རྒྱ་ཡངས་ཤིང་མངོན་མིན་རིག་གནས་ཤུལ་བཞག་ལ་རྒྱུས་མངའ་ཆེན་པོ་ཡོད་པས། ཁོང་གི་བཀའ་སློབ་མང་པོ་ཞིག་བགྲེས་སོང་བསམ་གཏན་དབང་འདུས་ཀྱི་བློ་སྣ་འདྲེན་པའི་ལྕགས་ཀྱུ་ལྟ་བུར་གྱུར་བས། ཁོང་གི་བློ་སྒོ་རབ་ཏུ་ཕྱེ་ནས་དུས་རབས་ཀྱིས་བསྩལ་བའི་སླེལ་བསླས་རྒྱུན་འཛིན་གྱི་འགན་འཁྲི་རང་འགུལ་ངང་ཕྲག་ཏུ་འཁུར་བའི་ལས་ལ་གཞོལ་བ་རེད།

    ཀྲུང་དབྱང་དང་རང་སྐྱོང་ལྗོངས་ནས་མངོན་མིན་རིག་གནས་ཤུལ་བཞག་གི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། རང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་གྱི་ལས་དོན་ལ་ཕན་འབྲས་བཟང་པོ་ཐོན་པས། དེང་གི་དུས་ནི་རང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་རྒྱུན་འཛིན་གྱི་རླབས་རྒྱུན་མཁའ་ལ་འཕྱོ་བའི་རྣམ་པ་གསར་པ་ཤར་བའི་དུས་བཟང་ཞིག་ཡིན་པ་སྨོས་ག་ལ་དགོས། 2010ལོར། ཆུ་ཤུར་གྱི་སླེལ་བསླས་ལག་རྩལ་དེ་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁོངས་སུ་ཚུད་པ་དང་། བགྲེས་སོང་བསམ་གཏན་དབང་འདུས་སླེལ་བསླས་ལག་རྩལ་ལ་གོམས་འདྲིས་ཆེ་ཞིང་མཐར་སོན་པའི་ལག་ཤེས་པ་ཞིག་ཡིན་པས། ཁོང་སླེལ་བསླས་ལག་རྩལ་གྱི་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པར་གྱུར་བ་རེད། ཁོང་རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པར་གྱུར་རྗེས། རང་གིས་རང་ལ་རེ་བ་ནན་པོ་བཅོལ་ནས་ནུས་ཤུགས་ཡོད་རྒུས་སླེལ་བསླས་ལག་རྩལ་འཛིན་སྐྱོང་ཡག་པོ་བྱེད་པའི་ཁར། སླེལ་བསླས་ལག་རྩལ་སྐོར་གྱི་ཤེས་བྱ་མུ་མཐུད་སྔོག་འདོན་གཏིང་ཟབ་བྱེད་པ་དང་། སླེལ་བསླས་ལག་རྩལ་སྦྱོང་མཁན་གྱི་དགེ་ཕྲུག་ཀྱང་གསོ་སྐྱོང་བྱས་ནས། དགེ་ཕྲུག་རྣམས་ལ་རང་ཉིད་ཀྱི་དངོས་བརྒྱུད་མྱོང་གསུམ་གྱི་ཉམས་མྱོང་དང་བསྡོངས་ཏེ། སླེལ་བསླས་ལག་རྩལ་གྱི་ཟུངས་ཁྲག་གསར་པ་སྦྱིན་བཞིན་ཡོད་པ་རེད།  

    བགྲེས་སོང་བསམ་གཏན་དབང་འདུས་དང་སླེལ་བསླས་བར་ལས་འབྲེལ་བྱུང་ནས་ལོ་60མིན་ཙམ་ཕྱིན་ཡོད་པ་དང་། ཁོང་ལ་མཚོན་ན་སླེལ་བསླས་དེ་མེད་དུ་མི་རུང་བའི་འཚོ་བའི་གྲུབ་ཆར་གྱུར་ཡོད་པ་རེད། ད་ཆ་ཁོང་དགུང་ལོ་མཐོ་པོ་ཡིན་ན་ཡང་ཁོང་ནི་སླེལ་བསླས་ཀྱི་རྒྱུན་འཛིན་པ་ཞིག་ཡིན་པ་དང་། སླེལ་བསླས་ལ་དགའ་ཞེན་ལྷག་པར་ཆེ་བས། ནང་མི་ཚོས་ཁོང་གི་ལས་ཀར་རྒྱབ་སྐྱོར་ཧུར་ཐག་ཞུ་བཞིན་ཡོད་པ་རེད།

    བགྲེས་སོང་བསམ་གཏན་དབང་འདུས་ངལ་གསོའི་སྐབས་སུ་ཆང་འཐུང་བཞིན་པ།

    བགྲེས་སོང་བསམ་གཏན་དབང་འདུས་ཀྱི་དགེ་ཕྲུག་ཕུར་བུ་དང་བཀྲ་ཤིས་ཚེ་རིང་གིས་དཀའ་ངལ་གདོང་ལེན་བྱས་ནས་སླེལ་བསླས་ལག་རྩལ་རྩེར་སོན་པ་ཞིག་སྦྱངས་པས་དགེ་ཕྲུག་གི་ཁྲོད་དུ་རྡོག་ཏུ་ཐོན་པ་དང་། དགེ་ཕྲུག་གཉིས་པོས་རང་རྐྱ་འཕེལ་བའི་ངང་ནས་ཞིབ་མ་འདྲ་མིན་སྣ་ཚོགས་བསླས་ཤེས་པས། བགྲེས་སོང་བསམ་གཏན་དབང་འདུས་ཀྱི་ངོ་གདོང་ནས་དགའ་སྤྲོའི་འཛུམ་མདངས་དང་གདེང་ཚོད་ཀྱི་སྤོབས་པ་ཞིག་ངམ་ཤུགས་སུ་འཕྱུར། ད་ཆ་དགེ་ཕྲུག་གཉིས་པོ་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པར་གྱུར་ཡོད་པ་རེད། གསར་འགོད་པས་དགེ་ཕྲུག་ཕུར་བུར་ད་ཆ་ཁྱེད་རང་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པར་གྱུར་ཟིན་པས། མིག་སྔའི་འགན་འཁྲི་དང་དཀའ་ངལ་གང་ཡིན་པའི་སྐོར་འདྲི་སྐབས། ཕུར་བུས“ སླེལ་བསླས་ལག་རྩལ་ཐད་རང་གི་དགེ་རྒན་བསམ་གཏན་དབང་འདུས་ཀྱིས་བུམ་པ་གང་བྱོའི་ཚུལ་དུ་གནང་བྱུང་བས། ལག་རྩལ་ཡག་ཐོག་ཡག་བརྩེགས་རེད་འདུག ངས་ཕྱིན་ཆད་རྣམ་གཡེང་གི་དབང་དུ་མ་སོང་བར་ལྷག་བསམ་བྲག་བཞིན་བརྟན་པོས་རང་གི་དགེ་རྒན་བསམ་གཏན་དབང་འདུས་ཀྱི་འདོད་འདན་བཞིན་སླེལ་བསླས་ལག་རྩལ་མུ་མཐུད་རྒྱུན་འཛིན་གང་ལེགས་བྱེད་པ་དང་། སླེལ་བསླལ་ལག་རྩལ་སྦྱོང་མཁན་དེ་བས་མང་བ་གསོ་སྐྱོང་བྱ་རྒྱུ་ཡིན། ད་ལྟ་མིག་སྔའི་དཀའ་ངལ་ཆེ་ཤོས་ནི། རང་ཉིད་ཡིག་རྨོངས་ཡིན་པའི་དབང་གིས་ཤེས་རྒྱ་ཁབ་མིག་ཙམ་ལས་མེད་སྟབས། དོན་དག་མང་པོ་ཞིག་སེམས་བསམ་པ་བར་སྣང་དུ་རྟ་རྒྱུག་ཀྱང་། དོན་ངོ་མར་སྦར་མཐིལ་དུ་སོ་མི་ཐེབས་པའི་དཔེ་ཟླར་གྱུར་སོང་། ཤེས་བྱ་རིག་གནས་ནི་བྱ་གཞག་དར་སྤེལ་གཏོང་བའི་རྨང་རྡོ་ལྟ་བུ་ཡིན་པས། ངས་རྗེས་རབས་པའི་སློབ་གསོར་གཙིགས་མཐོང་ཆེན་པོ་བྱེད་ཀྱི་ཡིན”ཞེས་བཤད།    

    དགེ་ཕྲུག་ཕུར་བུས་ཞིབ་མ་ཁག་ངོ་སྤྲོད་བྱེད་བཞིན་པ།

    གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ལག་ཤེས་པས་ལག་རྩལ་བྱང་ཆུབ་པ་ཤེས་རྗེས་ཉིན་གཉིས་ནང་སློ་མ་གཅིག་སླ་ཐུབ་པ་དང་། ཁྲོམ་རའི་ཐོག་སློ་མ་རེར་སྒོར་250ཙམ་བྱས་ནས་ཕྱིར་འཚོང་བྱེད་ཀྱི་ཡོད་པ་རེད། གསར་འགོད་པས་བགྲེས་སོང་བསམ་གཏན་དབང་འདུས་ལ་སླེལ་བསླས་ལག་རྩལ་སྦྱོང་བར་དུས་ཡུན་ག་ཚོད་འགོར་རམ་ཞེས་འདྲི་སྐབས། ཁོང་གིས“རིག་པ་གྲུང་པོ་ཡོད་ན་ཞིབ་མ་སླ་སྟངས་སྦྱོང་བར་ལོ་གསུམ་ཙམ་ལས་འགོར་གྱི་མ་རེད། ཞིབ་མ་བསླ་བའི་ལག་རྩལ་ཡག་པོ་བྱུང་ན། དུས་ཡུན་རིང་པོ་མ་འགོར་བར་སློ་མ་བསླས་ཐུབ་ཀྱི་རེད” ཅེས་བཤད། ལས་དང་པོ་བ་ཞིག་གིས་སླེལ་བསླས་ལ་ལྟ་སྐབས་ལག་ཤེས་དེ་རྙོག་འཛིང་ཆེན་པོ་མེད་པའི་ལག་ཤེས་ཤིག་ཡིན་པའི་ཚོར་བ་ཡོད་ཀྱང་། པི་ཝང་མ་ཤེས་ངུ་མཁན་འདྲ། རྒྱ་གླིང་མ་ཤེས་བགད་མཁན་འདྲ་ཟེར་བ་བཞིན། སླེལ་བསླལ་ལག་རྩལ་ཕུལ་དུ་བྱུང་བ་ཞིག་མ་བྱུང་ན་གཞན་གྱི་བཞད་གད་ཀྱི་རྒྱུ་རུ་འགྲོ་སྲིད་པས། སླེལ་བསླས་ཡག་པོ་ཞིག་ཡོང་དགོས་ན་ལོ་མང་པོའི་ཉམས་མྱོང་ལ་བརྟེན་དགོས་ཀྱི་ཡོད་པ་རེད།   

    ཞིབ་མ་ནི་སྨྱུག་མས་བསླས་པའི་འབྲུ་རིགས་བཀྲམ་བྱེད་ཀྱི་སྣོད་ཆས་ཀྱི་རིགས་ཤིག་ཡིན་པས། སྔོན་གྱི་དུས་སུ་ཞིང་ཁུལ་དུ་མེད་དུ་མེད་རུང་བའི་མཁོ་ཆས་ཤིག་ཡིན་པ་རེད། ནམ་དུས་སྟོན་ཁ་ནི་སྣུམ་ཞག་ཚིལ་ཚིལ་དང་འབྲས་བུ་སྨིན་པའི་དུས་བཟང་ཞིག་ཡིན་སྟབས། ལོ་རེའི་འབྲས་ལྡན་དུས་སུ་ཨ་ཁུ་ཞིང་པ་ཚོས་གཡུལ་ལས་གཏོང་སྐབས་ཞིང་ཁུལ་དུ་ཞིབ་མ་དགོས་མཁོ་ཆེན་པོ་ཡོད་པས། ཞིབ་མ་ཆུང་བར་སྒོར་50དང་ཆེ་བར་སྒོར་150བྱས་ནས་འཚོང་གི་ཡོད་པ་དང་། བགྲེས་སོང་བསམ་གཏན་དབང་འདུས་ལ་རྒྱུས་མངའ་ཡོད་མཁན་གྱི་འཛད་སྤྱོད་པས་ཁོང་གི་ཁྱིམ་དུ་ཡོང་ནས་ཞིབ་མའི་ཐོན་རྫས་ཉོ་ཡི་ཡོད་པ་རེད། བོད་ལྗོངས་ནི་ཡུལ་སྐོར་བ་མང་པོའི་སེམས་ནང་འགྲོ་འདོད་པའི་ས་ཆ་ཞིག་ཡིན་པས། བགྲེས་སོང་བསམ་གཏན་དབང་འདུས་ཀྱིས་ཁྲོམ་རའི་འགྲན་རྩོད་ཀྱི་ཁོར་ཡུག་ཁྲོད་གསར་གཏོད་རང་བཞིན་གྱི་སྒོ་ནས་ཐོན་རྫས་གསར་པ་བཟོ་དང་བཟོ་མུས་ཡིན་པ་རེད།  

    བསླས་ཟིན་པའི་ཞིབ་མ་ཁག་ཡིན་པ།   

    རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་བཀྲ་ཤིས་ཚེ་རིང་ནི་བགྲེས་སོང་བསམ་གཏན་དབང་འདུས་ཀྱི་དགེ་ཕྲུག་ཡིན་ལ་བུ་ཕྲུག་ཀྱང་ཡིན་པ་རེད། བཀྲ་ཤིས་ཚེ་རིང་ནི་གུང་ཁྲན་ཏང་ཡོན་ཞིག་ཡིན་པས། རྒྱུན་དུ་སླེལ་བསླས་ལག་རྩལ་འཛིན་སྐྱོང་བྱེད་པའི་རྨང་གཞིའི་ཐོག ཁོང་གིས་གུང་ཁྲན་ཏང་ཡོན་ཞིག་གིས་འཁུར་དགོས་པའི་འགན་འཁྲི་དང་འོས་འགན་མ་བརྗེད་པར་རང་གི་འཇོན་ནུས་ལ་གཞིགས་ནས་ས་སྨད་གྲོང་ཚོར་ཞབས་འདེགས་ཞུ་བཞིན་ཡོད་པ་རེད། བཀྲ་ཤིས་ཚེ་རིང་ཕྱོགས་གང་ཅིའི་ཐད་ལ་འཇོན་པོ་ཡོད་ཀྱང་། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ཨ་ཕས་ཁོང་ལ་མངོན་མིན་རིག་གནས་ཤུལ་བཞག་གིས་གྲོང་གསེབ་དར་རྒྱས་ལ་འདེགས་སྐྱོར་གྱི་ནུས་པ་ཐོན་གྱི་ཡོད་པས། རང་གི་ནུས་པ་ལ་གཞིགས་ནས་གང་ཐུབ་ཅི་ཐུབ་བྱེད་དགོས་ཚུལ་ཡང་ནས་ཡང་དུ་ལབ་ཀྱི་ཡོད་པ་རེད།  

    གསར་འགོད་པས་བགྲེས་སོང་བསམ་གཏན་དབང་འདུས་ལ་བཅར་འདྲི་བྱས་པ་བརྒྱུད། ཁོང་ནི་ཕ་ཡུལ་གྱི་ཁྱད་ཆོས་ལྡན་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་གང་ལེགས་བྱེད་ཁར། སླད་ཕྱིན་དགེ་སློབ་ཀྱིས་ས་སྨད་གྲོང་ཚོའི་སླེལ་བསླས་ལག་ཤེས་དེ་སྐྱེ་བོ་གང་མང་གིས་ཤེས་རྟོགས་ཐུབ་པ་དང་། ཐུན་མོང་ཐོག་སླེལ་བསླས་ལག་རྩལ་འཕེལ་རྒྱས་གོང་འཕེལ་གཏོང་བར་ནུས་པ་འདོན་སྤེལ་བྱ་རྒྱུའི་འདུན་པ་དྲག་པོ་ཡོད་མཁན་ཞིག་ཡིན་པ་ཚོར་བྱུང་།

    དེང་གི་དུས་སུ་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བའི་རྨང་གཞིའི་ཐོག་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཚོས་རེ་བ་དང་ཡིད་ཆེས་ཆེན་པོས་རང་འཁྲིའི་ལས་ལ་གཞོལ་བཞིན་ཡོད་པས། མ་འོངས་པར་མངོན་མིན་རིག་གནས་ཤུལ་གནས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཡོང་བར་ཐེ་ཚོམ་གང་ཡང་མེད།  

    གསར་འགོད་པ། ཉི་མ་ཚེ་རིང་། ཚེ་བརྟན་རྡོ་རྗེ། བསོད་ནམས་དབང་འདུས། བདེ་ཆེན་དགྲ་འདུལ། ནོར་འཛོམས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།