དབུ་ཤོག>བོད་ཀྱི་རིག་གནས།
  • ཡུལ་སྨད་ཁྱིམ་ཚང་གཅིག་གི་རྒྱལ་གཅེས་མཐའ་སྲུང་གི་གཏམ་རྒྱུད་བསྐྱར་དུ་མངོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-08

    བོད་ལྗོངས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་སངས་རྒྱས་ཆོས་པ་དང་བུ་མོ་སྒྲོལ་དཀར་དང་གཡང་འཛོམས་ཀྱི་རྒྱལ་གཅེས་མཐའ་སྲུང་གི་གཏམ་རྒྱུད་ལས་ཕྱོགས་བཞི་མཚམས་བརྒྱད་དུ་སེམས་འགུལ་ཆེན་པོ་ཐེབས། གཏམ་རྒྱུད་དེ་བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པས་གར་སྟེགས་ཐོག་འཁྲབ་སྟོན་བྱས་པ་དང་། འདི་ལོ་ནས་བཟུང་གླུ་གར་འཁྲབ་གཞུང《མཐའ་མཚམས་ཀྱི་སྐལ་བཟང་མེ་ཏོག》ཅེས་པ་བོད་ཀྱི་ས་ཆ་མང་པོར་འཁྲབ་སྟོན་བྱས་པས། བོད་ཀྱི་ས་གནས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་དགའ་བསུ་དང་བསྔགས་བརྗོད་ཐོབ་པ་རེད།

    2018ལོར་བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པ་དང་བཅས་པ་ཡུལ་སྨད་ཤང་དུ་བསྐྱོད་དེ་དམངས་གཞས་འཚོལ་བསྡུ་བྱས་པ་རེད། སངས་རྒྱས་ཆོས་པ་ཕ་དང་བུ་མོའི་ལོ་བཅུ་ཕྲག་ཁ་ཤས་རིང་གི་རྒྱལ་ཁབ་ཆེད་མཐའ་མཚམས་སྲུང་བའི་གཏམ་རྒྱུད་ལ་གླུ་གར་ཚོགས་པའི་འཁྲབ་ཁྲིད་པ་འཇམ་དབྱངས་རྒྱ་མཚོ་སེམས་འགུལ་ཆེན་པོ་ཐེབས་ཏེ་གཏམ་རྒྱུད་དེ་གར་སྟེགས་སུ་འཁྲབ་སྟོན་བྱ་རྒྱུའི་བསམ་ཚུལ་འཆར།

    《མཐའ་མཚམས་ཀྱི་སྐལ་བཟང་མེ་ཏོག》ཅེས་པའི་འཁྲབ་གཞུང་རྩོམ་མཁན་པའེ་པིང་གིས་ཆ་རྐྱེན་ལེགས་སུ་ཆེས་ཆེར་ཕྱིན་པའི་ད་ཆའང་ཡུལ་སྨད་ཤང་དུ་ཐེངས་གཅིག་བསྐྱོད་རྒྱུ་དེ་ལས་སླ་པོ་ཞིག་མ་རེད།“དཀའ་ཚེགས་ཆེ་བའི་ཆ་རྐྱེན་དེ་ལྟ་བུའི་འོག་སངས་རྒྱས་ཆོས་པའི་ནང་མིས་ལོ་མང་མཐའ་མཚམས་བསྲུངས་པ་དེ་མི་དེ་བས་མང་བས་ཤེས་དགོས་ངེས་རེད”ཅེས་བཤད། ཁོང་གིས་གླུ་གར་གྱི་འཁྲབ་གཞུང་རྣམ་པའི་ཐོག་ནས་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་ལ་བསྟོད་གླུ་ཕུལ་ཚེ་གཏམ་རྒྱུད་ཀྱི་རྒྱབ་ལྗོངས་དང་དེ་བཞིན་གངས་ལྗོངས་ས་མཐོའི་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་གོམས་སྲོལ་དེ་བས་ལེགས་པའི་སྒོ་ནས་མངོན་ཐུབ་ཅེས་བརྗོད།

    འཁྲབ་ཚན་ཧྲིལ་པོར“ཁྱིམ་ཚང་དང་རྒྱལ་ཁབ”ཀྱི་བརྗོད་དོན་གཙོ་བོ་མངོན་གསལ་དོད་པར་བྱས་ཏེ“འདི་ནི་ངའི་ཁྱིམ་གཞིས་དང་ངས་ཁ་འབྲལ་མི་སྲིད་པའི་ས་ཆ་ཡིན”ཞེས་པ་ཡང་ཡང་བརྗོད་པ་ལས་མི་སེམས་ལ་གཡོ་འགུལ་ཆེན་པོ་ཐེབས་པ་དང་། བརྩམས་ཆོས་ནང་ལྷ་མོའི་འཁྲབ་གཞུང་གི་གྲུབ་ཆ་དང་བོད་རིགས་ཀྱི་སྲོལ་རྒྱུན་གླུ་གར་ཟུང་འབྲེལ་དམ་ཟབ་བྱས་ནས་གཞས་ཆེན་དང་། སྒོར་གཞས། ཨར་ཀ(ངལ་རྩོལ་གྱི་གླུ་གར) སྒྲ་སྙན་ཞབས་བྲོ། པི་ཝང་སོགས་ལྷོ་ཁའི་དམངས་ཁྲོད་ཞབས་བྲོ་མཉམ་འདྲེས་བྱས་ཡོད་པས་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་ཆེན་པོ་ལྡན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།