བོད་ལྗོངས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་སངས་རྒྱས་ཆོས་པ་དང་བུ་མོ་སྒྲོལ་དཀར་དང་གཡང་འཛོམས་གཉིས་ཀྱི་རྒྱལ་གཅེས་མཐའ་སྲུང་གི་གཏམ་རྒྱུད་དེ་ས་ཕྱོགས་གང་སའི་མི་རྣམས་ལ་སེམས་འགུལ་ཚད་མེད་ཐེབས་ཡོད། གཏམ་རྒྱུད་དེ་བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པས་གར་སྟེགས་ཐོག་འཁྲབ་པ་དང་། འདི་ལོ་ཚུན་གླུ་གར《གནམ་མཐའི་སྐལ་བཟང་མེ་ཏོག》དེ་བོད་ཀྱི་ས་ཆ་མང་པོར་འཁྲབ་སྟོན་བྱས་པར་བོད་ཀྱི་ས་གནས་ཁག་གི་ལས་བྱེད་མང་ཚོགས་ཀྱི་དགའ་བསུ་དང་བསྔགས་བརྗོད་ཐོབ་ཡོད།
2018ལོར། བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པ་དང་བཅས་པ་ཡུལ་སྨད་ཤང་དུ་བརྩམས་ཆོས་འཚོལ་བསྡུ་བྱེད་པར་ཡོང་། གླུ་གར་ཚོགས་པའི་འཁྲབ་ཁྲིད་པ་འཇམ་དབྱངས་རྒྱ་མཚོར་ཕ་སངས་རྒྱས་ཆོས་པ་དང་བུ་མོ་གཉིས་ཀྱིས་ལོ་བཅུ་གྲངས་རིང་རྒྱལ་ཁབ་ཆེད་མཐའ་མཚམས་སྲུང་བའི་གཏམ་རྒྱུད་ལས་སེམས་འགུལ་ཚད་མེད་ཐེབས་ནས་གཏམ་རྒྱུད་དེ་གར་སྟེགས་ཐོག་འཁྲབ་རྒྱུའི་བསམ་བློ་འཁོར།
《གནམ་མཐའི་སྐལ་བཟང་མེ་ཏོག》གི་འཁྲབ་གཞུང་རྩོམ་སྒྲིག་པ་པའེ་པིང་གིས། འཚོ་བའི་ཆ་རྐྱེན་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བའི་དེང་གི་དུས་འདིར་ཡུལ་སྨད་ཤང་དུ་ཐེངས་ཤིག་བསྐྱོད་རྒྱུ་དེའང་ལས་སླ་པོ་ཞིག་མིན། “ཆ་རྐྱེན་དཀའ་ཚེགས་དེ་འདྲ་ཆེ་བའི་གནས་ཚུལ་འོག་ཏུའང་སངས་རྒྱས་ཆོས་པ་ཡི་ནང་མི་ཚོས་མཐའ་མཚམས་ལོ་མང་སྲུང་བ་དེ་མི་དེ་བས་མང་བས་ཤེས་དགོས་ངེས་རེད”ཅེས་བཤད། ཁོང་གིས་གླུ་གར་གྱི་རྣམ་པའི་ཐོག་ནས་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་ལ་བསྟོད་གླུ་ཕུལ་ནས། གཏམ་རྒྱུད་ཀྱི་རྒྱབ་ལྗོངས་དང་དེ་བཞིན་གངས་ལྗོངས་ས་མཐོའི་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དེ་བས་ལེགས་པའི་ངང་མཚོན་ཐུབ་ཅེས་བཤད།
གླུ་གར་ཡོངས་སུ“ཁྱིམ་ཞེན་རྒྱལ་ཞེན”གྱི་བརྗོད་དོན་གཙོ་བོ་འབུར་དུ་ཐོན་པ་བྱས་ནས“ས་ཆ་འདི་ངའི་ཁྱིམ་གཞིས་ཡིན་པས་ངས་ཁ་བྲལ་མི་ཕོད་པའི་ས་ཆ་ཞིག་རེད”ཅེས་པའི་སྙན་འཇེབས་གླུ་དབྱངས་ཡང་ཡང་ལེན་ཞིང་། “བརྩམས་ཆོས་དེའི་ནང་ལྷ་མོའི་གྲུབ་སྟངས་དང་བོད་རིགས་ཀྱི་སྲོལ་རྒྱུན་ཟློས་གར་ཟུང་འབྲེལ་ནུས་ལྡན་བྱས་ནས་གཞས་ཆེན་དང་། སྒོར་གཞས། ཨར་ཀ ལྷས་མའི་ཞབས་བྲོ། སྒྲ་སྙན་ཞབས་བྲོ། པི་ཝང་ཞབས་བྲོ་སོགས་ལྷོ་ཁའི་དམངས་ཁྲོད་ཞབས་བྲོ་མཉམ་འདྲེས་བྱས་པས་དེར་དམིགས་བསལ་ལྡན་པའི་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་ལྡན་ཡོད་པ་རེད།