དབུ་ཤོག>བོད་ཀྱི་རིག་གནས།
  • ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཉང་བྲན་སློབ་ཆུང་གིས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-12

    མངོན་མིན་རིག་གནས་ཤུལ་བཞག་ནི་མི་རིགས་ཤིག་ཡུན་ནས་ཡུན་དུ་གནས་པའི་རྩ་བ་ཡིན་པ་མ་ཟད། ལོ་རྒྱུས་ཡུན་རིང་ལྡན་པའི་སྲོལ་རྒྱུན་རིག་གནས་ཀྱི་སྙིང་བཅུད་ཀྱང་ཡིན། སློབ་གྲྭ་ནི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པའི་ཞིང་ས་གཤིན་པོ་ཞིག་རེད།

    ལོ་མང་རིང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཉང་བྲན་སློབ་ཆུང་གིས་བོད་ཀྱི་རིག་གནས་སློབ་གསོ་དེ་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩིས་ནས། སྔ་རྗེས་སུ་ལྷ་མོ་དང་བོད་ཡིག་ཡིག་གཟུགས་སོགས་ཁྱད་ལྡན་སློབ་གསོ་ཁྱབ་གདལ་བཏང་ནས་སློབ་མར་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཤེས་རྟོགས་དང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཁྲིད་སྟོན་བྱས་པ་མ་ཟད། སྔ་རྗེས་སུ“ཁག་གཉིས་པའི་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་སྒྱུ་རྩལ་རྒྱུན་འཛིན་སློབ་གྲྭ”དང“རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་དཔེ་སྟོན་རྟེན་གཞི”སོགས་གཟི་བརྗིད་མཚན་སྙན་ཐོབ་ཡོད་པ་རེད།

    གསར་འགོད་པ་ཉང་བྲན་སློབ་ཆུང་གི་ལྷ་མོ་སྦྱོང་སའི་སློབ་ཁང་དུ་སྐྱོད་སྐབས《ལྷ་མོའི་འཁྲབ་གཞུང་བརྒྱད》ངོ་སྤྲོད་དང་། ལྷ་མོའི་བརྗོད་དོན་གཙོ་བོའི་སྒྱུ་རྩལ་གྱང་། ལྷ་མོའི་གྱོན་ཆས་འགྲེམས་སྟོན་སོགས་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པ་དང་ནང་སྦྱོང་ཁང་དུ་སྲོལ་རྒྱུན་གྱི་ལྷ་མོའི་རོལ་ཆ་སྣ་ཚོགས་གྲལ་སྟར་སྒྲིག་པོའི་ངང་བཞག་ཡོད་པ་མཐོང་བྱུང་།

    2019ལོ་ནས་བཟུང་ཉང་བྲན་སློབ་ཆུང་གིས“མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་ཁྱབ་གདལ་གཏོང་བའི”བྱེད་སྒོ་ཤུགས་ཆེན་སྤེལ་བ་དང་། ཉང་བྲན་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ་སྔ་རྗེས་སུ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ལྷ་མོ་དང་། ནང་མ། གར་གླུ་བཅས་ཀྱི་གཞི་རྩའི་སྟངས་སྟབས་སློབ་གྲྭའི་ཁྱད་ལྡན་སློབ་གསོའི་ནང་བཀོད་སྒྲིག་བྱས་ནས་སློབ་གྲྭ་ཡོངས་ཀྱི་འཛིན་གྲྭ་ཁག་ཏུ་ཁྱབ་གདལ་བཏང་བ་རེད།

    ཉང་བྲན་སློབ་ཆུང་གི་ལྷ་མོའི་ཟུར་ཁྲིད་དགེ་རྒན་འཇམ་དབྱངས་ཚེ་རིང་གིས“ང་ཚོའི་སློབ་གྲྭས་2018ལོ་ནས་བཟུང་ལྷ་མོའི་ཚོམས་ཆེན་བཏོད་པ་དང་སྐབས་དེ་དུས་གཙོ་བོ་སློབ་མས་སྲོལ་རྒྱུན་ལྷ་མོར་དགའ་སྣང་སྐྱེ་བ་བྱ་ཆེད་ཡིན། ད་ཆ་ང་ཚོས་ལྷ་མོ་རྒྱུན་གཏན་གྱི་སློབ་ཁྲིད་ནང་བཅུག་ནས་སློབ་གསེང་གི་ཞབས་ཞུའི་ལས་སྟེགས་ལ་བརྟེན་ཏེ་གཟའ་འཁོར་རེར་ལྷ་མོའི་སློབ་ཚན་ཐེངས་1ནས་2བར་འཚོགས་ཀྱི་ཡོད”ཅེས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉང་བྲན་སློབ་ཆུང་གི་ལྷ་མོའི་འཛིན་གྲྭར་ཁྱོན་སློབ་མ་120ལྷག་ཙམ་ཡོད་པ་དང་སློབ་གྲྭའི་གསོ་སྦྱོང་དང་ཕྲུ་གུ་ཚོས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་ཕྲུ་གུ་ཚོས་རྟག་ཏུ་སློབ་གྲྭའི་ཕྱི་ནང་དུ་གཉེར་བའི་འཁྲབ་སྟོན་བྱེད་སྒོ་ཁག་ནང་ཞུགས་ཀྱི་ཡོད། གོམ་སྟབས་རྗེས་མར་ལྷ་མོའི་འཛིན་གྲྭས་ནང་མ་དང་སྟོད་གཞས་སོགས་སྲོལ་རྒྱུན་གྱི་མི་རིགས་ཞབས་བྲོའི་སློབ་གསོ་ཁྱབ་གདལ་བཏང་ནས་སློབ་མ་རྣམས་སྲོལ་རྒྱུན་རིག་གནས་ཁྲོད་འཚར་ལོངས་ཡོང་བ་བྱ་རྒྱུ་རེད།

    གསར་འགོད་པ་ཉང་བྲན་སློབ་ཆུང་དུ་སྐྱོད་སྐབས། ཉང་བྲན་སློབ་ཆུང་གི་ཡིག་གཟུགས་ཁང་དེ་ལྷ་མོའི་སློབ་ཁང་གི་འཁྲུག་ཆ་དོད་པའི་རྣམ་པ་དང་གཏན་ནས་མི་འདྲ་བར། སློབ་ཆུང་ལོ་རིམ་དང་པོ་དང་གཉིས་པའི་སློབ་མ་ཚོས་ནན་ཏན་ངང་བོད་ཡིག་འབྲི་བཞིན་ཡོད་པ་དང་། ལྷ་ས་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་བོད་ཡིག་ཡིག་གཟུགས་མཁས་ཅན་གྱིས་ཕྲུ་གུ་ཚོའི་སྨྱུ་གུ་འཛིན་སྟངས་དང་ཡི་གེ་འབྲི་སྟངས་ལ་མཛུབ་ཁྲིད་བྱེད་ཀྱི་ཡོད་པ་དང་། དེ་བཞིན་སློབ་གྲྭའི་བོད་ཡིག་ཚོགས་ཆུང་གི་དགེ་རྒན་གྱིས་ཀྱང་འགྲམ་དུ་ནན་ཏན་ངང་ཉན་བཞིན་ཡོད་པ་མཐོང་།

    ཉང་བྲན་སློབ་ཆུང་གི་བོད་ཡིག་ཡིག་གཟུགས་ཀྱི་མཛུབ་ཁྲིད་དགེ་རྒན་པ་སངས་རྡོ་རྗེས“དགེ་རྒན་ཞིག་ཡིན་པའི་ངོས་ནས་ཕྲུ་གུ་ཚོས་བོད་ཡིག་ཡིག་གཟུགས་སྦྱོང་རྒྱུར་དགའ་པོ་བྱེད་པ་དང་ཁོང་ཚོའི་ཡིག་གཟུགས་ལེགས་སུ་གཏོང་འདོད་ན་ཐོག་མར་ང་ཚོ་དགེ་རྒན་དཔུང་ཁག་གི་ཡིག་གཟུགས་ལེགས་སུ་གཏོང་དགོས། གཟའ་འཁོར་རེའི་གཟའ་པ་སངས་ཀྱི་སྔ་དྲོར་ང་ཚོས་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་དགེ་རྒན་གདན་དྲངས་ནས་སློབ་གྲྭ་ཡོངས་ཀྱི་བོད་ཡིག་དགེ་རྒན་ལ་མཛུབ་ཁྲིད་བྱེད་དུ་འཇུག་གི་ཡོད། དེ་རྗེས་ང་ཚོས་བརྩམས་ཆོས་ཡག་པོ་དང་རང་ཉིད་ཀྱིས་སྦྱངས་པའི་ཤེས་བྱར་བརྟེན་ནས་སློབ་མར་མཛུབ་ཁྲིད་བྱེད་ཀྱི་ཡོད”ཅེས་བཤད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། ཉང་བྲན་སློབ་ཆུང་གི་ཡིག་གཟུགས་ཁང་དུ་སློབ་མ་50ལས་ཤོང་གི་མེད། དེར་བརྟེན་སློབ་གྲྭས་ད་ཡོད་ཀྱི་འཛིན་གྲྭ་དེ་ཡིག་གཟུགས་སློབ་ཁྲིད་ཀྱི་རྟེན་གཞི་གཙོ་བོར་བརྩིས་ནས་ལོ་ལྟར་ཡིག་གཟུགས་འགྲན་བསྡུར་སྒྲིག་འཛུགས་བྱེད་པ་དང་། ཕུལ་བྱུང་མི་སྒེར་དང་ཕུལ་བྱུང་འཛིན་གྲྭ་མཉམ་སྡེབ་སོགས་ཀྱི་བྱ་དགའ་དཔྱད་འདེམས་བྱེད་པ་མ་ཟད། ཕུལ་བྱུང་གི་ཡིག་གཟུགས་བརྩམས་ཆོས་དག་ཕྱོགས་སྒྲིག་བྱས་ནས་སློབ་མའི་ཡིག་གཟུགས་སྦྱོང་བའི་སྤྲོ་སྣང་འཕེལ་བར་བྱེད་པ་དང་འབྲེལ་སློབ་མའི་མཉམ་སྡེབ་ཀྱི་གཟི་བརྗིད་བསམ་པ་སྐྱེད་སྲིང་བྱེད་ཀྱི་ཡོད་པ་རེད།

    “མིག་སྔར་སློབ་གྲྭའི་ཁྱད་ལྡན་སློབ་གསོར་གཞི་ཁྱོན་ལྡན་པ་དང་ཕན་འབྲས་མངོན་གསལ་དོད་པོ་ཐོབ་སྟེ། ཕུལ་བྱུང་གི་མི་རིགས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱས་པ་མ་ཟད། སློབ་མའི་སློབ་གསེང་འཚོ་བ་ཡང་ཕུན་སུམ་ཚོགས་སུ་ཕྱིན་ཡོད། ང་ཚོས་དཔེ་ཁྲིད་མི་སྐྱོང་དང་དེ་བཞིན་མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་སྤེལ་བའི་ལས་དོན་མུ་མཐུད་ཡག་པོ་བསྒྲུབ་ཀྱི་ཡིན”ཞེས་ཉང་བྲན་སློབ་ཆུང་གི་སློབ་སྤྱི་གཞོན་པ་ལྷག་པས་བཤད།

    སྲོལ་རྒྱུན་རིག་གནས་ལ་སློབ་སྦྱོང་བྱས་པ་བརྒྱུད། སློབ་མ་ཚོས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་བསམ་པའི་ནང་དོན་སྔར་བས་ཤེས་རྟོགས་ཐུབ་ནས་རིག་གནས་ཀྱི་ས་བོན་རང་རྟོགས་ངང་རྒྱུན་མཐུད་བྱས་ནས་རིག་གནས་ཀྱི་གདེང་ཚོད་ཆེ་རུ་ཕྱིན་པ་དང་། སློབ་གྲྭས་སྲོལ་རྒྱུན་རིག་གནས་སློབ་ཁྲིད་ནང་བཅུག་པས་སློབ་མ་ཚོའི་སློབ་གྲྭའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། སློབ་མ་ཚོའི་མི་རིགས་ཀྱི་སྤོབས་སེམས་དང་རིག་གནས་ཀྱི་མོས་སེམས་ཆེ་རུ་ཕྱིན་ནས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་སྔར་བས་སྐུལ་མ་ཐེབས་ཡོད།

    5c06d520-7327-4150-9f7b-2430255eb44b.jpg.jpg

    འདི་ནི་ཉང་བྲན་སློབ་ཆུང་གི་ལྷ་མོའི་འཛིན་གྲྭའི་དགེ་རྒན་གྱིས་སློབ་ཁྲིད་བྱེད་བཞིན་པ།

    a23fd7da-e4b1-44b3-990f-ccf45639236e.jpg.jpg

    འདི་ནི་ཉང་བྲན་སློབ་ཆུང་གིས“མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་ཁྱབ་གདལ་གཏོང་བའི”བྱེད་སྒོ་སྤེལ་བཞིན་པ།

    f4614c93-b641-479c-bfcb-0bcb4a201e09.jpg.jpg

    འདི་ནི་ཉང་བྲན་སློབ་ཆུང་གིས་བོད་ཡིག་ཡིག་གཟུཌ་གསོ་སྦྱོང་བྱས་ནས་དགེ་རྒན་གྱི་ཆེད་ལས་བྱང་ཚད་མཐོ་རུ་བཏང་བ།

    f0facbbc-21b5-4f45-ac11-44035443186a.jpg.jpg

    འདི་ནི་ཉང་བྲན་སློབ་ཆུང་གི་ལྷ་མོའི་འཛིན་གྲྭའི་ཕྲུ་གུ་ཚོ་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་འཁྲབ་སྟོན་བྱེད་སྒོར་ཞུགས་ནས་དྲན་རྟེན་པར་རྒྱག་བཞིན་པ།

    ae1929d1-2cb0-41f8-923e-e1e5af4cebb9.jpg.jpg

    འདི་ནི་བོད་ཡིག་ཡིག་གཟུགས་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་པའི་སློབ་མས་དྲན་རྟེན་པར་རྒྱག་བཞིན་པ།

    1206600a-4763-4d97-86e6-864813f67da5.jpg.jpg

    འདི་ནི་ཉང་བྲན་སློབ་ཆུང་གིས“མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་ཁྱབ་གདལ་གཏོང་བའི”བྱེད་སྒོ་སྤེལ་བཞིན་པ།

    e91c7822-42c0-45ef-9106-9e6cd9337cc2.jpg.jpg

    འདི་ནི་ལྷ་མོའི་འཛིན་གྲྭའི་སློབ་མ་ཚོས“དྲུག་གཅིག”བྱེད་སྒོར་ལྷ་མོ་འཁྲབ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།