དབུ་ཤོག>བོད་ཀྱི་རིག་གནས།
  • རྒྱལ་གཅེས་ཆོས་གཅེས་དང་བློ་སེམས་གཅིག་མཐུན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-07

    ལྷ་སའི་ནུབ་འདབས་དགེ་འཕེལ་དབུ་རྩེའི་ཕང་བར་ཆགས་པའི་འབྲས་སྤུངས་དགོན་དུ། སྔོ་ལྗང་ལྗོན་ཤིང་སྟར་པ་རེ་རེ་དང་གྲལ་སྟར་འགྲིག་པའི་སྐྲུན་དངོས་དཀར་པོ་ཕན་ཚུན་གཅིག་ལ་གཅིག་རྒྱན་དུ་སྣང་ཞིང་། དགུང་ཨ་སྔོན་མཐོ་ལ་སྤྲིན་དཀར་པོ་དར་དཀར་ལྟར་གཡོ་བ་དང་། རླུང་བུ་བསིལ་བསིལ་དུ་ལྡང་བཞིན་ཆུ་ཕྲན་ལྷུང་ལྷུང་དུ་བབས། ཚོགས་ཆེན་འདུ་ཁང་མདུན་གྱི་ཐང་ཆེན་དུ་དགེ་འདུན་པ་ངག་དབང་ཆོས་འཛིན་གྱིས་ལོ་གཅིག་གི་གོང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་འབྲས་སྤུངས་དགོན་དུ་རྟོག་ཞིབ་གནང་བར་ཕེབས་སྐབས་ཀྱི་སེམས་འགུལ་ཐེབས་པའི་རྣམ་པར་སླར་ཡང་ཕྱིར་དྲན་བྱེད་བཞིན་མཆིས།

    “ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་བསྟར་ཏེ་མང་ཚོགས་ཀྱི་ཆོས་དད་རང་མོས་ལ་བརྩི་འཇོག་དང་། རང་ཚུགས་རང་བདག་རང་གཉེར་གྱི་རྩ་དོན་མཐའ་འཁྱོངས། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག ཆོས་ལུགས་ཞི་དུལ་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་དགོས” 2021ལོའི་ཟླ་7ཚེས་22ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲས་སྤུངས་དགོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་མངགས་བཅོལ་རྣམས་དགེ་འདུན་པ་ཚོའི་རྣ་བར་སྔར་བཞིན་གསལ་ལེར་གྲགས་ཀྱི་ཡོད།

    “བཀའ་དྲིན”—ཡུན་རིང་བདེ་འཁོད་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ།

    “སྤྱི་ཁྱབ་ཧྲུའུ་ཅིར་མཇལ་དར་སྒྲོན་པ་དང་དགོན་སྡེའི་ལས་དོན་སྙན་སེང་ཞུ་བའི་སྐལ་བ་བྱུང་། དེ་ལས་བདག་ལ་སྤོབས་པ་ཆེན་པོ་སྐྱེས་བྱུང་ལ་དགོན་སྡེ་ཡོངས་ཀྱི་དགེ་འདུན་པའི་གཟི་བརྗིད་ཀྱང་རེད” མི་ལོ་དྲུག་ཅུར་ཉེ་བའི་ངག་དབང་ཆོས་འཛིན་གྲྭ་པ་བྱས་ནས་ལོ་40སོང་ཞིང་། དགེ་འདུན་པ་དཀྱུས་མ་ཞིག་ནས་ད་ཆ་འབྲས་སྤུངས་དགོན་དོ་དམ་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པའི་འགན་འཁུར་བའི་བར་འབྲས་སྤུངས་དགོན་ཕྱག་བཏབ་ཚུན་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་མཐོ་ཤོས་འབྲས་སྤུངས་དགོན་དུ་ལས་དོན་གཟིགས་ཞིབ་ལ་ཐེངས་དང་པོ་ཕེབས་པ་དངོས་སུ་མྱོང་བརྒྱུད་བྱུང་བ་ལས་ངག་དབང་ཆོས་འཛིན་ལ་སེམས་འགུལ་ཚད་མེད་ཐེབས་ཡོད། 

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་ནན་པོ་ལས་དགེ་འདུན་པ་ཚོར་སྐུལ་ལྕག་ཆེན་པོ་དང་སེམས་འགུལ་ཆེན་པོ་ཐེབས་པ་སྟེ།

    “བོད་བརྒྱུད་ནང་བསྟན་འཕེལ་རྒྱས་ཕྱིན་པ་དེས་མི་དམངས་ཀྱི་འཚོ་བ་ལེགས་སུ་འགྲོ་རྒྱུར་ཕན་ཐོགས་ཡོད་ལ་སྤྱི་ཚོགས་བརྟན་ལྷིང་ལའང་ཕན་ཐོགས་ཡོད། ཆོས་ལུགས་ཞི་དུལ་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ཡོང་བར་བྱེད་དགོས”

    “བོད་བརྒྱུད་ནང་བསྟན་དེ་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཡང་དག་ཏུ་བསྐྱོད་ཚེ་འགྲོ་ལམ་དེ་ཉིད་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་དང་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ལེགས་སུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་པ……

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས་དུས་རབས་གསར་པར་ཆོས་ལུགས་ལ་ངོས་འཛིན་ཇི་ལྟར་བྱེད་པ་དང་། ཆོས་ལུགས་ཀྱི་གནད་དོན་ཐག་གཅོད་ཇི་ལྟར་བྱེད་པ། ཏང་གི་ཆོས་ལུགས་ལས་དོན་ཡག་པོ་ཇི་ལྟར་སྒྲུབ་པ་སོགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ལན་གཏིང་ཟབ་བསྐྱོན་གནང་བ་དང་། ལྷག་པར་དུ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པའི་ལས་དོན་གྱི་བླང་བྱར་རྒྱས་བཤད་གཏིང་ཟབ་གནང་སྟེ་དུས་རབས་གསར་པའི་ཆོས་ལུགས་ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་ལེན་བསྟར་ནས་སྤྱི་ཁྱབ་ཧྲུའུ་ཅིའི་བྱམས་བརྩེའི་ཐུགས་ཁུར་ལ་དྲིན་ལན་འཇལ་བར་འབྲས་སྤུངས་དགོན་གྱི་དགེ་འདུན་པ་ཚོས་དྲིན་ཚོར་གྱི་བསམ་པ་བཅངས་ནས་གཅེས་སྤྲས་སྔར་ལས་ལྷག་པ་བྱེད་ཀྱི་ཡོད།

    ངག་དབང་ཆོས་འཛིན་གྱིས“ལོ་གཅིག་རིང་། དགོན་སྡེའི་དགེ་འདུན་པ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་སྐུ་ངོ་མ་འབྲས་སྤུངས་དགོན་དུ་ཕེབས་སྐབས་ཀྱི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་འཇོག མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བཅས་བྱས་ཏེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད”ཅེས་བརྗོད་པ་དང་། ཁོང་གིས་འདས་ཟིན་པའི་ལོ་གཅིག་རིང་། དགོན་སྡེ་དོ་དམ་ཨུ་ལྷན་གྱི་མཛུབ་ཁྲིད་འོག འབྲས་སྤུངས་དགོན་གྱི་རྒྱ་ཆེའི་དགེ་འདུན་པ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ“ཚད་གཞི་བཞི་བརྩི་སྲུང་ལག་བསྟར་བྱས་ཏེ་སྔོན་ཐོན་གྲྭ་བཙུན་བརྩོན་ལེན་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོའི་ནང་དོན་གལ་ཆེན་དུ་བརྩིས་ནས། དགོན་སྡེ་དོ་དམ་གྱི་ལས་བྱེད་པས་དུས་བབ་དང་སྲིད་ཇུས་ཤོད་པ་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་གིས་ཁྲིམས་སྐྱོང་དང་ལོ་རྒྱུས་གླེང་བ། བླ་མ་སྐྱེས་ཆེན་དང་སྤྲུལ་སྐུས་བསྟན་དོན་དང་འདུལ་ཁྲིམས་འཆད་པ། དགེ་འདུན་པ་རྒན་གྲས་ཀྱིས་བསྡུར་བ་དང་འགྱུར་ལྡོག་གླེང་བ་སོགས་ཀྱི་རྣམ་པའི་ཐོག་ནས“ཁྲིམས་སྐྱོང་ལ་བརྟེན་ནས་དགོན་སྡེ་བཅོས་སྐྱོང་དང་འདུལ་ཁྲིམས་ལ་བརྟེན་ནས་དགེ་འདུན་པར་དོ་དམ་བྱེད་པའི”སློབ་གསོ་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་འབྲས་སྤུངས་དགོན་གྱི་དགེ་འདུན་པའི་ཁྲོད་དོན་འཁྱོལ་ཐུབ་པ་དང་གྲུབ་འབྲས་ཐོབ་པའི་འགན་ལེན་བྱས་ཡོད་ཅེས་གསར་འགོད་པར་བརྗོད།

    “ཁྲིད་སྟོན”——སློབ་གསོ་དོ་དམ་གྱི་ཞབས་འདེགས་ལ་སྐུལ་འདེད་ཏན་ཏིག་བཏང་བ།

    468དང་། 11 2བཅས་སྟབས་བདེའི་གྲངས་གཞི་འདི་དག་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་བའི“ཁྲིད་སྟོན”གྱི་བྱེད་ཐབས་དང་བཀོལ་སྤྱོད་བྱས་ཚུལ་འདུས་ཡོད།

    དགོན་སྡེ་དོ་དམ་ཨུ་ལྷན་དྲིལ་བསྒྲགས་སློབ་གསོ་ཁྲུའི་ཁྲུའུ་ཀྲང་ཉི་མ་བཀྲ་ཤིས་ཀྱིས“468”ནི་འབྲས་སྤུངས་དགོན་གྱི་སྒྲིག་ཁོངས་སུ་ཡོད་པའི་དགེ་འདུན་པའི་མི་གྲངས་ཡིན་པ་དང་། “11”ནི་དགེ་འདུན་པའི་སྡོད་གནས་ཁ་གྲམ་པའི་དོན་དངོས་ལ་དམིགས་ཏེ་སྒྲིག་ཁོངས་སུ་ཡོད་པའི་དགེ་འདུན་པ་རྣམས་དྲིལ་བསྒྲགས་སློབ་གསོའི་ཚོགས་ཆུང་11ལ་ཕྱེ་བ། “2”ནི་དྲིལ་བསྒྲགས་སློབ་གསོའི་ཚོགས་ཆུང་རེ་རེར་མ་མཐར་ཡང་དགོན་སྡེའི་དོ་དམ་ལས་བྱེད་པ་2རེ་བཀོད་སྒྲིག་བྱས་ཏེ་དུས་རྒྱུན་གྱི་དྲིལ་བསྒྲགས་སློབ་གསོའི་ལས་དོན་སྤེལ་འགན་འཁུར་གྱི་ཡོད་ཅེས་ངོ་སྤྲོད་བྱས།

    དགེ་འདུན་པ་ཐུབ་བསྟན་བསྟན་འཛིན་ནི་དྲིལ་བསྒྲགས་སློབ་གསོའི་ཚོགས་ཆུང་11གི་ཁོངས་མི་ཞིག་རེད། “སྐབས་རེ་གཅིག་སྡུད་སློབ་སྦྱོང་ལ་ཞུགས་མ་ཐུབ་ཚེ་དགོན་སྡེའི་དོ་དམ་ལས་བྱེད་པས་འཕྲལ་མར་གྲྭ་ཤག་དང་། ཆོས་ར། འདུ་ཁང་། གྲྭ་ཚང་། ཚོམས་ཆེན་སོགས་སུ་དྲིལ་བསྒྲགས་སྒྲོག་འགྲེལ་གྱི་སློབ་གསོ་སྤེལ་བར་ཡོང་གི་ཡོད”ཅེས་ཐུབ་བསྟན་བསྟན་འཛིན་གྱིས་བཤད།

    ཉི་མ་བཀྲ་ཤིས་ཀྱིས། 2021ལོ་ནས་བཟུང་དགོན་སྡེ་དོ་དམ་ཨུ་ལྷན་གྱིས་དགེ་འདུན་པ་སྒྲིག་འཛུགས་བྱས་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་དང་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་སྲིད་ཇུས་ཀྱི་རེས་སྐོར་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་10གཉེར་བ་དང་ཆོས་ལུགས་ལས་དོན་མི་སྣའི་བཅའ་ཁྲིམས་ཤེས་བྱའི་ཚོད་རྒྱུགས་དང་། བོད་ཡིག་ཡིག་གཟུགས་འགྲན་བསྡུར། རྒྱལ་བབ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལྟ་སྐོར་སློབ་སྦྱོང་སོགས་ཀྱི་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་དགེ་འདུན་པ་ཚོའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ཡོད་ཅེས་ངོ་སྤྲོད་བྱས།

    བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པའི་མིག་སྔར་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱིས་སྤེལ་བཞིན་པའི“རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོའི་བྱེད་སྒོས“དོན་ཆེན་བཞི”དོན་འཁྱོལ་དང“འཛུགས་གཏོད་བཞིར”སྐུལ་འདེད་བཏང་སྟེ་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་ཡོང་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བཞིན་ཡོད།

    སློབ་གསོ་དོ་དམ་གྱི་ལས་དོན་ཡག་པོ་སྒྲུབ་དགོས་ལ་ཞབས་འདེགས་ཀྱང་ཡག་པོ་ཞུ་དགོས།

    འདི་ལོ་ལོ་76ལ་སོན་པའི་དགེ་འདུན་པ་འཕྲིན་ལས་དབང་འདུས་ན་ནིང་པུས་ཚིགས་ལ་རྨས་སྐྱོན་ཕོག་ནས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་སྨན་བཅོས་ཟླ་གཅིག་ལྷག་ཙམ་བྱས།

    “སྨན་ཁང་དུ་སྡོད་རིང་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པས་སྨན་ཁང་དུ་སྡོད་པ་དང་། སྨན་ཁང་ནས་དོན་པ། འགྲོ་སོང་རྩིས་ཞུ་སོགས་ཀྱི་འགྲོ་ལུགས་གཉེར་བའི་ཐད་ནུས་ཤུགས་ཡོད་རྒུ་བཏོན་ནས་ངའི་ཆེད་དུ་སེམས་ཁྲལ་ཆེན་པོ་གནང་སོང”ཞེས་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པས་སེམས་ཁུར་བྱེད་པའི་སྐོར་གླེང་སྐབས་འཕྲིན་ལས་དབང་འདུས་ཀྱིས་ཐུགས་རྗེ་ཆེ་ཡང་ཡང་ཞུས།

    “ང་ནི་མ་མཐའི་འཚོ་བ་འགན་ལེན་དུད་ཚང་ཡིན་པས་དེ་གོང་སྨན་ཁང་དུ་བསྡད་པའི་སྨན་རིན་སྒོར་ཁྲི་1.3ཚང་མ་རྩིས་ཞུ་བྱས་བྱུང་། དེ་དག་ཚང་མ་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ལས་བྱུང་བ་ཞིག་རེད”ཅེས་འཕྲིན་ལས་དབང་འདུས་ཀྱིས་བརྗོད།

    འབྲས་སྤུངས་དགོན་དུ་གནས་ཚུལ་དེ་ལྟ་བུ་ད་དུང་མང་པོ་ཡོད། དགེ་འདུན་པ་སྨན་ཁང་དུ་སྡོད་རིང་སྨན་རིན་རྩིས་ཞུ་བྱེད་པ་དང་། ད་དུང་ཆུང་ས་ནས་བརྗོད་ན་དངུལ་ཁང་དུ་དངུལ་སྨར་ལེན་པ་དང་འཚོ་བའི་མཁོ་ཆས་ཉོ་བ་སོགས་ཕྱོགས་གང་ས་ཅི་ཐད་ནས་དགེ་འདུན་པ་ཚོས་ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་ཚོར་བ་མ་ཟད། ཏང་དང་རྒྱལ་ཁབ་ཀྱིས་བོད་བརྒྱུད་ནང་བསྟན་འཕེལ་རྒྱས་ལ་མཐོང་ཧ་ཅང་ཆེན་པོ་གནང་ལུགས་ཀྱང་ཚོར་ཡོད།

    ཆོས་ལུགས་ཀྱི་ལས་དོན་ལེགས་པར་སྒྲུབ་པའི་ཐད། འབྲས་སྤུངས་དགོན་དོ་དམ་ཨུ་ལྷན་གྱིས“ཁྲིད་སྟོན”ཐད་ཤུགས་སྣོན་བརྒྱབ་ནས་ཕན་འབྲས་ཐོན་པར་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་འབྲས་སྤུངས་དགོན་དུ་གཟིགས་ཞིབ་གནང་བར་ཕེབས་སྐབས་དགོན་སྡེ་དོ་དམ་ཨུ་ལྷན་གྱིས“དགེ་འདུན་པར་རྩ་ཁྲིམས་དང་བཅའ་ཁྲིམས་བརྩི་སྲུང་ཞུ་བ་དང་། སྡོམ་པ་བསྲུངས་ནས་ཐོས་པ་སློབ་གཉེར། ‘ཁྲིམས་སྐྱོང་ལ་བརྟེན་ནས་དགོན་སྡེ་བཅོས་སྐྱོང་དང་འདུལ་ཁྲིམས་ལ་བརྟེན་ནས་དགེ་འདུན་པར་དོ་དམ་བྱེད་པ’མཐའ་འཁྱོངས། དགོན་སྡེའི་དོ་དམ་སྒྲིག་སྲོལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། དགོན་སྡེའི་སྒྲིག་སྲོལ་དང་དགེ་འདུན་པའི་བསྲུང་བྱ་བཟོ་བཅོས་འཐུས་སྒོ་ཚང་དུ་གཏོང་བ་བཅས་ལ་སློབ་གསོ་ཁྲིད་སྟོན་བྱས་ཏེ་ཁྲིད་སྟོན་ནུས་ལྡན་དང་། ཐབས་མཁས། ཕན་ཡོད་བཅས་ཡོང་བའི་བརྩོན་ལེན་བྱེད་ཀྱི་ཡོད་ཅེས་ཞུས་པའི་སྙན་སེང་ལྟ་བུ་རེད།

    “ཞི་མཐུན”——བོད་བརྒྱུད་ནང་བསྟན་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

    ཉེ་བའི་ལོ་ཤས་རིང་། ཏང་དང་སྲིད་གཞུང་གིས་དགོན་ཕན་གྲྭ་ཕན་སྲིད་ཇུས་ལ་རྒྱུན་མཐུད་མ་དངུལ་བཏང་བ་དང་དེ་བཞིན་ལོ་ལྟར་དགོན་སྡེ་ཉམས་བཟོ་དང་རིག་དངོས་སྲུང་སྐྱོབ་ལས་དོན་སྤེལ་བས་སེར་སྐྱ་དད་ལྡན་མང་ཚོགས་ཀྱིས་ཏང་དང་སྲིད་གཞུང་གིས་དགོན་སྡེའི་དགེ་འདུན་པ་དང་དེ་བཞིན་རྒྱ་ཆེའི་ཆོས་ལུགས་ལས་རིགས་མི་སྣར་ཐུགས་ཁུར་གཟིགས་སྐྱོང་གནང་ལུགས་ཚོར་ཡོད།

    དགེ་འདུན་པ་ངག་དབང་ཆོས་འཛིན་གྱིས“དགོན་སྡེའི་དགེ་འདུན་པ་ཡོངས་རྒྱ་ཆེ་ལ་དཀར་ཆ་དོད་པའི་གྲྭ་ཤག་ནང་སྡོད་པ་དང་དགོན་སྡེའི་ཟ་ཁང་ནས་ད་དུང་ཕུན་སུམ་ཚོགས་པའི་ལྟོ་ཆས་གཅིག་སྡུད་མཁོ་འདོན་བྱེད་པ་དང་། དགེ་འདུན་པ་ཡོངས་སྨན་བཅོས་དང་རྒན་གསོ་འགན་བཅོལ་ནང་ཞུགས་ནས་ན་དུས་སྨན་བཅོས་ཐུབ་པ་དང་རྒས་དུས་འཚོ་རྟེན་ཡོད་པ་བྱུང་བ། དགོན་སྡེའི་དགེ་འདུན་པ་ཡོངས་སྲོལ་རྒྱུན་གྱི་ཆོས་ལུགས་བྱེད་སྒོའི་ནང་འདྲ་མཉམ་ཞུགས་ཆོག་པ་དང་ཡོན་ཚད་ལ་བརྟེན་ནས་ནང་བསྟན་གྱི་མཚན་གནས་དཔྱད་ཞིབ་སྣ་ཚོགས་ནང་ཞུགས་ཀྱི་ཡོད། འཇོན་ཐང་ཆེ་བའི་དགེ་འདུན་པ་རྣམས་ད་དུང་རིམ་ཁག་མི་དམངས་འཐུས་ཚོགས་དང་། སྲིད་གྲོས། ནང་བསྟན་མཐུན་ཚོགས་བཅས་སུ་གོ་གནས་འཛིན་བཞིན་ཡོད་པས་བོད་བརྒྱུད་ནང་བསྟན་རྒྱུན་འཛིན་དང་དད་ལྡན་མང་ཚོགས་ལ་ཞབས་འདེགས་ཞུ་བར་འགན་སྒྲུབ་ལས་སྟེགས་ཆེན་པོ་ཡོད”ཅེས་བཤད།

    ཏང་དང་སྲིད་གཞུང་གིས་དགོན་སྡེ་དང་དགེ་འདུན་པ་ཚོར་སྦྱིན་པའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ལས་དགེ་འདུན་པ་ཚོའི་རྒྱལ་གཅེས་ཁྲིམས་སྲུང་གི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་ཕྱིན་ཡོད། རྒྱ་ཆེའི་དགེ་འདུན་པ་ཚོས་རྒྱལ་གཅེས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་སྤྱི་ཡོངས་ལ་སྣང་ཆེན་དང་། ཁྲིམས་སྐྱོང་ལ་སྣང་ཆེན། ཚན་རིག་ལ་སྣང་ཆེན། གཅེས་སེམས་ལ་སྣང་ཆེན་བཅས་བྱས་པས་སྤྱི་ཚོགས་རིང་ལུགས་ཁྱིམ་ཚང་ཆེ་མོའི་གཏོགས་སེམས་ཉིན་བཞིན་ཆེ་རུ་ཕྱིན་ནས་འབྲས་སྤུངས་དགོན་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱས་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲས་སྤུངས་དགོན་དུ་གཟིགས་ཞིབ་གནང་སྐབས་ཆོས་ལུགས་འཕེལ་རྒྱས་ཀྱི་ཆོས་ཉིད་ནི“ཞི་མཐུན”ལ་ཐུག་ཡོད། ཆོས་ལུགས་གང་ཞིག་ཡིན་རུང་འཚོ་གནས་དང་འཕེལ་རྒྱས་གཏོང་རྒྱུ་དེ་ངེས་པར་དུ་རང་ཉིད་གནས་སའི་སྤྱི་ཚོགས་དང་འཚམ་པར་བྱེད་དགོས། འདི་ནི་འཛམ་གླིང་གི་ཆོས་ལུགས་འཕེལ་རྒྱས་དང་ཁྱབ་སྤེལ་གཏོང་བའི་ཡོངས་ཁྱབ་ཀྱི་ཆོས་ཉིད་རེད་ཅེས་ནན་བཤད་གནང་ཡོད།

    འབྲས་སྤུངས་དགོན་ནི་རང་ལྗོངས་ཀྱི་ཆོས་ལུགས་ཞི་དུལ་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ལ་སྐུལ་འདེད་གཏོང་བའི་དཔེ་མཚོན་ཞིག་ཡིན་པ་མ་ཟད། བོད་རྒྱ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་ལོ་རྒྱུས་ཀྱི་དཔང་པོ་ཞིག་ཀྱང་རེད།

    ངག་དབང་ཆོས་འཛིན་གྱིས“འབྲས་སྤུངས་དགོན་ཕྱག་བཏབ་པ་ནས་བཟུང་བོད་རིགས་དང་། རྒྱ་རིགས། སོག་རིགས་སོགས་མི་རིགས་ཁག་དང་དེ་བཞིན་བོད་ས་གནས་དང་གོང་མའི་སྲིད་གཞུང་དབར་འབྲེལ་བ་བྱེད་པའི་འགན་འཁྲི་ལྕི་པོ་ཕྲག་ཏུ་ཁུར་ནས་ཀྲུང་ཧྭ་མི་རིགས་ཁྲོད་གཅིག་ལ་གཅིག་འབྲེལ་དང་ཕན་ཚུན་མཉམ་འདྲེས་ཀྱི་ལོ་རྒྱུས་ཀྱི་དཔང་པོ་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་འབྲས་སྤུངས་དགོན་དུ་གཟིགས་ཞིབ་གནང་སྐབས་རྩ་ཆེའི་ལོ་རྒྱུས་ཀྱི་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་ཡག་པོ་བྱས་ནས་མི་རབས་རྗེས་མར་བོད་ནི་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་དང་མི་རིགས་ཁག་དབར་ཡུན་རིང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་དོན་དངོས་ཡག་པོ་ཤོད་དགོས་ཞེས་དམིགས་སུ་བཀར་ནས་མངགས་བཅོལ་གནང་བྱུང་ཞེས་བཤད།

    སྤྱི་ཁྱབ་ཧྲུའུ་ཅིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་ཟབ་ཏུ་བཏང་ཞིང་། འདི་ལོའི་ཟླ་4ཚེས་29ཉིན“བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་འབྲས་སྤུངས་དགོན་ཡན་ལག་ཁང”དང“བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་འབྲས་སྤུངས་དགོན་གནའ་དཔེ་ཁང”འབྲས་སྤུངས་དགོན་དུ་སྒོ་བྱང་བཀལ་ཡོད།

    “ང་ཚོས་ད་དུང་འབྲས་སྤུངས་དགོན་གྱི་དཀྱིལ་འཁོར་དང་། གནའ་དཔེ་སྲུང་སྐྱོབ། བོད་ཡིག་ཡིག་གཟུགས་སོགས་ནང་དོན་46གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་རྣམ་གྲངས་ལ་རེ་ཞུ་བྱེད་རྩིས་ཡོད”ཅེས་ངག་དབང་ཆོས་འཛིན་གྱིས་བཤད།

    དུས་རབས་གསར་པར་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ཀྱི་ཉི་འོད་དང་སྦྲང་ཆར་འོག་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ནི་དགོན་སྡེའི་དགེ་འདུན་པ་ཡོངས་ཀྱི་ཐུན་མོང་གི་དོན་གཉེར་ཞིག་ཏུ་གྱུར་ཡོད།

    “ང་ཚོས་སེམས་གཏིང་ནས་མེས་རྒྱལ་བློ་ལ་འཆང་བ་དང་ཏང་གི་བཀའ་དྲིན་བློ་ལ་བརྟན་པོར་ངེས་ཏེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་བའི་བློ་སྟོབས་དེ་བས་བརྟན་དུ་གཏོང་གི་ཡིན”ཞེས་ངག་དབང་ཆོས་འཛིན་གྱིས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་བཤད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།