སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཚོར་བར་བྱེད། རིག་གནས་ཤུལ་བཞག་སྲུང་སྐྱོང་གི་གྲུབ་འབྲས་མཉམ་སྤྱོད་བྱེད།
ཟླ་6ཚེས་11ཉིན། མངའ་རིས་ས་ཁུལ་གྱིས“དེང་གི་འཚོ་བ་དང་ཟུང་འབྲེལ་གྱིས་འོད་སྟོང་འཕྲོ་བའི་གཟི་མདངས་མངོན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་2022ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”མངོན་མིན་རིག་གནས་ཤུལ་བཞག་གི་དྲིལ་བསྒྲགས་འགྲེམས་སྟོན་གྱི་རིམ་སྤེལ་བྱེད་སྒོ་སྤེལ་བ་རེད། པར་འདི་ནི་གུ་གེའི་རི་མོའི་སྒྱུ་རྩལ་གྱི་རྒྱུན་འཛིན་པས(དཀྱིལ)ལྟ་སྐོར་བྱེད་མཁན་མང་ཚོགས་ལ་རི་མོའི་སྒྱུ་རྩལ་གསལ་འགྲེལ་རྒྱག་བཞིན་པ།
ཉེ་ཆར་འཕྱོངས་རྒྱས་རྫོང་གིས་སྤེལ་བའི་2022ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”བྱེད་སྒོ་འཕྱོངས་རྒྱས་རྫོང་ཕྱིང་བ་སྟག་རྩེའི་ཐང་ཆེན་དུ་དངོས་སུ་སྤེལ་འགོ་ཚུགས་པ་རེད། པར་འདི་ནི་འགོ་ཚུགས་མཛད་སྒོར་འཁྲབ་སྟོན་པས་ཞབས་བྲོ་འཁྲབ་བཞིན་པ།
འདི་ནི་འགོ་ཚུགས་མཛད་སྒོར་འཕྱོངས་རྒྱས་གྲོང་རྡལ་དཔལ་རི་སྡེ་ཁུལ་བུ་བཅོལ་ཁང་གི་གྲོགས་པོ་ཆུང་ཆུང་ཚོས་ཨར་གཞས་འཁྲབ་བཞིན་པ།
ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱ་ཆེའི་རྒྱུན་འཛིན་པ་དང་། མངོན་མིན་རིག་གནས་ཤུལ་བཞག་ལས་དོན་པ། སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱི་ཐུན་མོང་གི་འབད་བརྩོན་འོག རང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ལས་དོན་ལ་འཕེལ་རིམ་གསར་པ་དང་ཚད་བརྒལ་གསར་པ་ཟམ་མི་ཆད་པར་ཐོབ་པ་དང་། སྲུང་སྐྱོང་མིང་གཞུང་གི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ། སྲུང་སྐྱོང་དང་རྒྱུན་འཛིན་བྱེད་ནུས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། མིག་སྔའི་བར། བོད་ཀྱི་གླིང་གེ་སར་དང་། ལྷ་མོ། བོད་ལུགས་གསོ་རིག་གི་ལུམས་བཅོས་བཅས་མཉམ་འབྲེལ་རྒྱལ་ཚོགས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་གཞུང་ནང་ཚུད་པ་དང་། ལྷ་སའི་འཚེམ་དྲུབ་ཐང་ག་སོགས་རྣམ་གྲངས་106རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཀྱི་མིང་གཞུང་ནང་བཅུག་པ། མི་96རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པར་གཏན་འཁེལ་བྱས་པ། ལྗོངས་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་ཁང་121ཡོད་པ་རེད།