ལོ་རྒྱུས་ཀྱི་ཤུལ་བཞག་སྲུང་སྐྱོང་དང་རིག་གནས་ཀྱི་སྲོལ་རྒྱུན་རྒྱུན་འཛིན་བྱེད།
ད་ཕན་ལོ་ཤས་རིང་། ལྷ་རི་རྫོང་ཨུད་དང་རྫོང་སྲིད་གཞུང་གིས“སྲུང་སྐྱོང་གཙོ་བོར་འཛིན་པ་དང་མྱུར་སྐྱོབ་ཨང་དང་པོར་བཞག་ནས་བེད་སྤྱོད་ལུགས་མཐུན་དང་རྒྱུན་འཛིན་འཕེལ་རྒྱས་གཏོང་བའི”བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ་མངོན་མིན་རིག་གནས་ཤུལ་བཞག་དེ་དག་དུས་རབས་གསར་པར་གསར་གཏོད་རང་བཞིན་གྱི་གཞན་འགྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་ལེགས་ཆ་དེ་ཐོན་ལས་ལེགས་ཆར་གྱུར་པས་རྫོང་དེ་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་དེ་རིགས་ཟམ་མི་ཆད་པར་སྐྱེད་སྲིང་བྱེད་རིང་རྒྱུན་འཛིན་དང་སྲུང་སྐྱོང་ཐུབ་ནས་སྐྱེ་སྟོབས་གསར་པ་རྒྱས་ཡོད།
མངོན་མིན་རིག་གནས་ཤུལ་བཞག་གི་གདིང་གཞིར་ཡོངས་བཤེར་གསལ་རྟོགས་བྱས་པ།
ཉིང་ཁྲི་དང་ལྷ་ས་སོགས་ས་ཁུལ་བཞིའི་འབྲེལ་མཚམས་སུ་གནས་པ་དང་མཐའ་འཁོར་ནག་ཆུ་དང་། འབྲི་རུ། དཔལ་འབར་སོགས་རྫོང་བརྒྱད་དང་འབྲེལ་བའི་ལྷ་རི་རྫོང་གི་ས་ཁམས་ཆགས་སྟངས་ལེགས་པ་དང་ལོ་རྒྱུས་རིག་གནས་ཡུན་རིང་ལྡན་ལ་ས་ཁོངས་སུ་དབུས་གཙང་གི་རིག་གནས་དང་། ཁམས་པའི་རིག་གནས། ཀོང་པོའི་རིག་གནས། འབྲི་གུང་གི་རིག་གནས། བོད་བྱང་ཐང་གི་རིག་གནས། གསར་བརྗེའི་རིག་གནས་བཅས“རིག་གནས་གླིང་ཆེན་པོ་དྲུག”ཡོད་ཅིང་། མངོན་མིན་རིག་གནས་ཤུལ་བཞག་གི་ནང་དོན་ཕུན་སུམ་ཚོགས་ལ་རྣམ་པ་སྣ་ཚོགས་ལྡན་ཡོད།
ད་ཕན་ལོ་ཤས་རིང་། ལྷ་རི་རྫོང་གི་རིག་གནས་ལས་དོན་པས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་པ་དང་ལོ་རྒྱུས་ཀྱི་ཚད་ལྡན་ཡིག་ཆ་ལྟ་ཀློག་བྱེད་པ་སོགས་བརྒྱུད་རྫོང་ཁོངས་ཀྱི་མཚོན་བྱེད་རང་བཞིན་ལྡན་པའི་རིག་གནས་ཤུལ་བཞག་ཐོན་ཁུངས་ཡོངས་བཤེར་བྱས་པ་དང་དམངས་ཁྲོད་རིག་གནས་ཀྱི“ས་བོན”འཚོལ་ཞིབ་བྱས་པ་དེའི་ཁྱབ་ཁོངས་སུ་དམངས་ཁྲོད་རིག་གནས་དང་། ཇ་རྟ་ཚོང་ལམ་གྱི་རིག་གནས། ལྷ་རི་རྫོང་གི་རྒྱན་གོས་རིག་གནས། བོད་ཀྱི་གསོ་བ་རིག་པ་སོགས་ཚུད་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་134ལ་བརྟག་དཔྱད་བྱས་པ་དང་མངོན་མིན་རིག་གནས་ཤུལ་བཞག་གི་ཁུངས་སྣེ་150ལྷག་ཙམ་ཟིན་ནས་རྫོང་ཁོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་གདིང་གཞི་གཞི་རྩའི་ཆ་ནས་གསལ་རྟོགས་ཐུབ་པ་རེད།
མིག་སྔར་ལྷ་རི་རྫོང་དུ《ལྷ་རིའི་དམངས་ཁྲོད་གཏམ་རྒྱུད》དང《ལྷ་རིའི་མིག་མངས་རོལ་རྩེད》སོགས་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་རྩོམ་འབྲིའི་ལས་དོན་ལེགས་གྲུབ་ཟིན་པ་དང་། 《སྲོལ་རྒྱུན་གྱི་གླུ་གར་ཐོན་ཁུངས་ཀྱི་གྲངས་འཛིན་ཞིབ་འཇུག་མཛོད》ཀྱི་རྣམ་གྲངས་བཙུགས་ཏེ་ཁྱོན་གླུ་གཞས་ཁག་500ཕབ་འཇུག་བྱས་པ། རྒྱལ་ཁབ་དང་། རང་སྐྱོང་ལྗོངས། གྲོང་ཁྱེར། རྫོང(ཆུས)བཅས་རིམ་བཞིའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་མ་ལག་བཙུགས་པ་བཅས་རེད།
འདྲེན་རྟེན་ཡག་པོ་བཙུགས་ནས་མངོན་མིན་རིག་གནས་ཤུལ་གཞག་ལ་གསོན་ཤུགས་འཕེལ་བར་བྱེད་པ།
མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དེ་བས་ཡག་པོ་བྱས་ཏེ་མངོན་མིན་རིག་གནས་ཤུལ་བཞག་ལ་དེ་བས་གསོན་ཤུགས་འཕེལ་བར་བྱ་ཆེད་ད་ཕན་ལོ་ཤས་རིང་ལྷ་རི་རྫོང་གིས་འདུ་ཤེས་ཟམ་མི་ཆད་པར་གསར་གཏོད་བྱས་པ་དང་ཡུལ་སྐོར་རིག་གནས་དུས་ཆེན་དང་། མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་ཁྱབ་གདལ་གཏོང་བ། རྒྱུན་འཛིན་རྟེན་གཞིའི་ཁྲིད་སྦྱོང་གསོ་སྦྱོང་བྱེད་པ་སོགས་བྱེད་སྒོ་བརྒྱུད་འགྲེམས་ཁང་དུ་ཉར་ཚགས་བྱས་པའི་རིག་དངོས་དང་དམངས་ཁྲོད་དུ་ཁ་ཐོར་བའི་སྲོལ་རྒྱུན་སྒྱུ་རྩལ། དཔེ་རྙིང་དུ་འཁོད་པའི་ཡི་གེ་བཅས་ལ་གསོན་ཤུགས་འཕེལ་བར་བྱས་པ་རེད།
མངོན་མིན་རིག་གནས་ཤུལ་བཞག་སློབ་གླིང་དུ་ཁྱབ་གདལ་གཏོང་བའི་བྱེད་སྒོ་ཐེངས་གཅིག་སྤེལ་བ་བརྒྱུད། ལྷ་རི་རྫོང་གི་ལོ་15ལ་སླེབས་པའི་སློབ་འབྲིང་སློབ་མ་པ་སངས་ཚེ་རིང་མིག་མངས་རོལ་རྩེད་ལ་དགའ་པོ་བྱུང་བ་མ་ཟད། རང་སྐྱོང་ལྗོངས་རིམ་པའི་མིག་མངས་རོལ་རྩེད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པ་བསམ་འཕེལ་དགེ་རྒན་ལ་བསྟེན་ནས། མངོན་མིན་རིག་གནས་ཤུལ་བཞག་སློབ་སྦྱོང་ནན་ཏན་བྱས།
“མངོན་རིག་གནས་ཤུལ་བཞག་སློབ་གླིང་དུ་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་བ་ལས། སློབ་མ་ཚོ་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་ཁང་དུ་སྐྱོད་ཆོག་ཅིང་། གནའ་བོའི་རིག་གནས་ཤུལ་བཞག་དང་དེང་རབས་སློབ་གསོ་ཟུང་འབྲེལ་ཡག་པོ་ཐུབ་ནས། ཕྲུ་གུ་ཚོ་རང་རྟོགས་ངང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་པའི་ཞུགས་པ་པོར་འགྱུར་བར་རོགས་རམ་ཐུབ་ཡོད”ཅེས་ལྷ་རི་རྫོང་སློབ་གསོ་ཅུས་ཀྱི་ཅུས་ཀྲང་བཀྲ་ཤིས་རྣམ་རྒྱལ་གྱིས་བཤད།
ངོ་སྤྲོད་བྱས་པར་གཞིགས་ན། མངོན་མིན་རིག་གནས་ཤུལ་བཞག་གི“གསོན་ཤུགས”རྒྱུན་འཛིན་བྱེད་ཆེད། ལྷ་རི་རྫོང་གིས་ད་དུང་རྒྱུན་འཛིན་པ་ཧུར་ཐག་མངགས་ཏེ། རང་སྐྱོང་ལྗོངས་དང་གྲོང་ཁྱེར་རིམ་པའི་གསོ་སྦྱོང་ལ་ཞུགས་པ་དང་། རྫོང་རིམ་པའི་རྒྱུན་འཛིན་པའི་གསོ་སྦྱོང་འཛིན་གྲྭ་གཉེར་བ། རྒྱུན་འཛིན་པ་གདན་དྲངས་ཏེ་རིག་གནས་སྒྱུ་རྩལ་དུས་ཆེན་ལ་ཞུགས་པ་སོགས་ཀྱི་བྱེད་སྟངས་བརྒྱུད། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པར་དེ་བས་ཡངས་པའི་རྒྱུན་འཛིན་གྱི་གར་སྟེགས་དང་སྤེལ་རེས་སློབ་སྦྱོང་ལས་སྟེགས་བསྐྲུན་པས། རྒྱུན་འཛིན་པའི་མཐོང་རྒྱ་ཆེ་རུ་ཕྱིན་པ་དང་རྒྱུན་འཛིན་པའི་རྩལ་ནུས་ཆེ་རུ་ཕྱིན་པ་མ་ཟད། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་ཤེས་ལྡན་པའི་དཔུང་ཁག་ཀྱང་སྟོབས་ཆེར་ཕྱིན་པ་རེད།
“རིག་གནས་ལ་བརྟེན་ནས་ཡུལ་སྐོར་ལ་སྐུལ་འདེད་གཏོང་བ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་དར་རྒྱས་གཏོང་བའི”འཕེལ་རྒྱས་ཀྱི་ཐབས་ལམ་མཐའ་འཁྱོངས་བྱས་ཏེ། ལྷ་རི་རྫོང་གིས་མངོན་མིན་རིག་གནས་ཤུལ་བཞག་གི་ཁྱད་ཆོས་མཛེས་ལྗོངས་ཁུལ་ཁག་ཏུ་མངོན་པར་བྱས་པ་དང་། “མཛེས་ལྗོངས་ཁུལ་+མངོན་མིན་རིག་གནས་ཤུལ་བཞག”གི་རྣམ་པ་བརྒྱུད། མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་དང་ཡུལ་སྐོར་ཟུང་འབྲེལ་བྱས་ཏེ། ཡུལ་སྐོར་བར་བཟའ་བཏུང་རོལ་རྩེད་བྱེད་རིང་ལྷ་རིའི་ལོ་རྒྱུས་རིག་གནས་ཀྱི་སྙིང་དོན་ཟབ་མོ་མྱོང་ཚོར་བྱེད་དུ་བཅུག་སྟེ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་འབྱུང་འགྱུར་བྱུང་ཡོད།
དྲང་སྲུང་གསར་གཏོད་བྱས་ཏེ་མངོན་མིན་རིག་གནས་ཤུལ་བཞག་གི་གསོན་ཤུགས་འཕེལ་བར་བྱེད་པ།
ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་རང་བྱུང་ཁོར་ཡུག་དང་། ཕུན་སུམ་ཚོགས་པའི་བོད་ལུགས་གསོ་རིག་སྨན་རྩྭའི་ཐོན་ཁུངས་འཛོམས་རྐྱེན། ལྷ་རི་ནི་མིང་དོན་མཚུངས་པའི“བོད་སྨན་གྱི་ཕ་ཡུལ”རེད།
2018ལོར་བོད་ཀྱི་གསོ་བ་རིག་པ་སྲུང་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་ཆེད། ལྷ་རི་རྫོང་གིས་སྨན་རྩིས་ཁང་དུ་བོད་ཀྱི་གསོ་བ་རིག་པ་དར་སྤེལ་གཏོང་བ་བརྗོད་དོན་གཙོ་བོར་བྱས་པའི་བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་དང་རིག་གནས་རྟེན་རྫས་བཤམས་མཛོད་ཁང་བསྐྲུན་པ་རེད། 2020ལོ་བར་ཟིན་ཐོ་བཀོད་པའི་ཉར་ཚགས་རིག་དངོས་ཁག་1740ཟིན་པའི་ནང་བོད་སྨན་སྦྱོར་རྟ་དང་། གསོ་བ་རིག་པའི་ཐང་ག སྨན་བཅོས་ཡོ་ཆས། སྨན་རྫས་མ་དཔེ་སོགས་ཚུད་ཡོད་པ་རེད།
མིག་སྔར་ལྷ་རི་རྫོང་གི་སྨན་རྩིས་ཁང་དུ་འགན་ནུས་ཁོའོ་དང་ཁང་8དང་། ནད་ཐོག་ཁོའོ་དང་ཁང་5 གྲོང་ཁྱེར་རིམ་པའི་གཙོ་གནད་ཆེད་ཚན་2བཅས་ཡོད་པ་རེད། “རིམ་རྩིས་བརྒྱབ་ན་སྨན་ཁང་དེས་ཐོན་སྐྱེད་བྱས་པའི་བོད་སྨན་སྦྱོར་རྟའི་སྣ་ཁ་386ཡོད་པ་དང་ལོར་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་མཁན་མི་ཐེངས་27800ཟིན་ནས་དྲག་སྐྱེད་ཐུབ་ཚད་95%ཡན་ཟིན་གྱི་ཡོད”ཅེས་ལོ་དེ་དག་རིང་གི་སྨན་ཁང་གི་འཕེལ་རྒྱས་ལོ་རྒྱུས་དྲན་གསོ་བྱེད་བཞིན་དུ། དོན་གྲུབ་རྒྱལ་ལགས་ཀྱིས་བོད་ཀྱི་གསོ་བ་རིག་པའི་རིག་གནས་དེ་བས་ལེགས་པའི་སྒོ་ནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ་དང་། བོད་ཀྱི་གསོ་བ་རིག་པའི་ཐོན་ལས་འཕེལ་རྒྱས་གཏོང་དགོས་ཚེ་ངེས་པར་དུ་དྲང་སྲུང་གསར་གཏོད་བྱས་ཏེ་སྲོལ་རྒྱུན་གྱི་བོད་ཀྱི་གསོ་བ་རིག་པ་འཕེལ་རྒྱས་གཏོང་བའི་རྨང་གཞིའི་ཐོག བོད་ཀྱི་གསོ་བ་རིག་པར་ཞིབ་འཇུག་དང་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་སྟེ། བོད་ཀྱི་གསོ་བ་རིག་པའི་ཐོན་ལས་དེང་རབས་ཅན་གྱི་གོམ་སྟབས་མགྱོགས་སུ་བཏང་ནས། བོད་ཀྱི་གསོ་བ་རིག་པར་གསོན་ཤུགས་ཆེན་པོ་འཕེལ་པར་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།