དབུ་ཤོག>བོད་ཀྱི་རིག་གནས།
  • དངོས་མཚོན་ལྷ་མོ《ཚེ་རིང་ལྷ་མོའི》གར་སྟེགས་ཕྱི་ནང་གི་གཏམ་རྒྱུད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-04

    བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པས་ནུས་ཤུགས་ཡོད་རྒུས་བཏོད་པའི་དངོས་མཚོན་ལྷ་མོའི་འཁྲབ་གཞུང《ཚེ་རིང་ལྷ་མོ》ཞེས་པར་2021ལོའི་ཟླ་5པར་རྒྱལ་ཁབ་ཀྱི“ལོ་བརྒྱའི་བརྩམས་ཆོས་བརྒྱའི”འདུ་འགོད་ཞིབ་བཤེར་རྩིས་ལེན་རིགས་གཅིག་མཁས་ཅན་གྱིས་ཞིབ་བཤེར་རྩིས་ལེན་བྱས་པ་བརྒྱུད། “ལོ་བརྒྱའི་བརྩམས་ཆོས་བརྒྱའི”འདུ་འགོད་ནང་བདམས་པའི་བོད་ཀྱི་འཁྲབ་ཚན་ཁག་དང་པོར་གྱུར་ཡོད།

    དེ་སྔའི་འཁྲབ་གཞུང་དང་མི་འདྲ་བར། ལྷ་མོའི་འཁྲབ་གཞུང《ཚེ་རིང་ལྷ་མོ》ཞེས་པའི་ནང་གི་འཁྲབ་ཚན་གྱི་མི་སྣ་གཙོ་བོ་ད་ལྟའང་སྐུ་འཚོ་བཞུགས་ཡིན་པ་མ་ཟད། དགུང་ལོ་96ལ་ཕེབས་ཡོད། ཁོང་གི་སྐུ་ཚེ་ཧྲིལ་པོར་བོད་གསར་རྙིང་གཉིས་ཀ་བརྒྱུད་མྱོང་བས་བོད་འདི་ཉིད་རྗེས་ལུས་ནས་དར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་པའི་དཔང་པོ་ཞིག་རེད།

    ལྷ་མོའི་འཁྲབ་གཞུང《ཚེ་རིང་ལྷ་མོ》ཞེས་པའི་ནང་གི་མི་སྣ་གཙོ་བོའི་ཀྱག་ཀྱོག་གི་ལས་དབང་བརྗོད་པ་བརྒྱུད་ལྟད་མོ་བ་ཚོར་བོད་ཀྱི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོའི་གཏམ་རྒྱུད་རིང་པོ་ཞིག་བརྗོད་ཡོད།

    2384673_huangzy_1654272000000_s.jpg

    གཏམ་རྒྱུད་ངོ་མ་གར་སྟེགས་སུ་འཁྲབ་ནས་བོད་གསར་རྙིང་གི་གནམ་སའི་ཧེ་བག་བརྗོད་པ།

    2018ལོའི་ལོ་མཇུག་ཏུ་གྲོང་ཚོར་བཅའ་སྡོད་བྱེད་བཞིན་པའི་བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་རིམ་པ་གཉིས་པའི་འཁྲབ་ཁྲིད་པ་བསོད་ནམས་དགྲ་འདུལ་ལ་ཚོགས་པའི་འགོ་ཁྲིད་ཀྱི་ཁ་པར་ཞིག་འབྱོར་ནས། ཁོང་ལ་འཁྲབ་ཁྲིད་པ་དང་འཁྲབ་གཞུང་རྩོམ་མཁན་གཅིག་ལྕོགས་བྱས་ནས་ད་ལྟ་སྐུ་འཚོ་བཞུགས་ཀྱི་རྒན་མོ་ཚེ་རིང་ལྷ་མོའི་གཏམ་རྒྱུད་མ་དཔེར་བཟུང་སྟེ་དངོས་མཚོན་ལྷ་མོའི་འཁྲབ་གཞུང་ཆེ་གྲས་ཤིག་གསར་རྩོམ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    གསར་རྩོམ་གྱི་སྤྱིའི་སྒྲོམ་གཞི་བརྩམས་རྗེས། 2019ལོའི་ཟླ་བཞི་པར་བསོད་ནམས་དགྲ་འདུལ་དང་འཁྲབ་གཞུང་རྩོམ་སྒྲིག་པ་རྣམ་རྒྱལ་བསྟན་འཛིན་དང་། འཁྲབ་སྟོན་པ། གར་སྟེགས་མཛེས་རྩལ་པ། གྱོན་ཆས་ཇུས་འགོད་པ། གློག་འོད་པ་སོགས་དང་བཅས་པ་གཏམ་རྒྱུད་ཐོན་ཡུལ་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྐྱེད་པ་ཤང་དུ་ཕྱིན་པ་རེད།

    ཚེ་རིང་ལྷ་མོ་ནི་ལྷུན་རྩེ་རྫོང་གསང་སྔགས་ཆོས་གླིང་གཞིས་ཀའི་ནང་གཟན་གྱི་བུ་མོ་ཞིག་ཡིན་ཞིང་། ལོ་6ནས་ཨ་མ་དང་འདྲ་བར་གཞིས་ཀ་དེའི་ནང་གཟན་བྱས་ཏེ་གཞིས་བདག་གི་སྲས་རྒྱགས་པ་ཞིག་གི་བུ་རྫི་བྱེད་དགོས་ཀྱི་ཡོད། ཚེ་རིང་ལྷ་མོའི་བག་ཆགས་ནང་རྒྱུན་དུ་ཉེས་རྡུང་དང་གཤེ་གཤེ་གཟེད་དགོས་ཀྱི་ཡོད། 

    གསང་སྔགས་ཆོས་གླིང་གཞིས་ཀ་ནི་སྣེ་གདོང་བསམ་མཁར་གཞིས་ཀའི་ཁོངས་སུ་གཏོགས་ཤིང་། ལོ་12ལ་སླེབས་སྐབས་ནང་གཟན་ཡིན་པའི་ཁོ་མོ་ཕ་མ་དང་ཁ་བྲལ་ནས་བསམ་མཁར་གཞིས་ཀར་མི་འགྲོ་ཀ་མེད་བྱུང་། སྐབས་དེ་དུས་ཚེ་རིང་ལྷ་མོས་ཁན་སྦྱར་རྙིང་པ་ཞིག་གྱོན་ཡོད་པ་དེ་ནི་ཨ་མས་ཕུད་དེ་ཁོ་མོར་གཡོགས་པ་ཞིག་ཡིན་ལ། ནང་གཟན་ཡིན་པའི་ཨ་མའི་གྲང་འགོག་སྟོད་གོས་གཅིག་བུ་དེའང་རེད།

    ལམ་བར་དུ་ཁ་བ་བུ་ཡུག་འཚུབ་ཅིང་། ཚེ་རིང་ལྷ་མོས་ཁྱིམ་ཞེས་འབོད་པའི་ཁང་པ་གོག་ཧྲུལ་དེའི་ཕྱོགས་སུ་ཕྱི་བལྟས་ཡང་ཡང་སློག་ཅིང་། ལྷོ་ཁ་སྣེ་གདོང་དུ་གནས་པའི་བསམ་མཁར་གཞིས་ཀར་མ་སླེབས་བར་ངུ་མཚམས་བཞག་མེད། དུས་དེ་ནས་བཟུང་ཚེ་རིང་ལྷ་མོ་ཕ་མ་དང་ཕན་ཚུན་ཐུག་རེས་མེད་ཅིང་། ཁན་སྦྱར་རྙིང་པ་དེ་ཁོ་མོས་ཕ་མ་དྲན་སྐབས་ཀྱི་སེམས་རྟེན་འབའ་ཞིག་ཏུ་གྱུར།

    རྒན་མོ་ཚེ་རིང་ལྷ་མོའི་ཀྱག་ཀྱོག་གི་མི་ཚེའི་ལམ་བུས་བསོད་ནམས་དགྲ་འདུལ་ལ་མྱོང་ཚོར་ཟབ་མོ་བྱུང་ཞིང་། བསོད་ནམས་དགྲ་འདུལ་གྱིས“ཁོང་གི་སྐུ་ཚེ་ཧྲིལ་པོ་བརྒྱུད་ངས་བོད་རྙིང་པའི་ཞིང་བྲན་ཁྲི་ཚོ་བརྒྱའི་དཀའ་སྡུག་ཆེ་བའི་འཚོ་བ་ཚོར་བྱུང་ལ། ད་ལྟའི་འཚོ་བ་གསར་པ་ནི་ལས་སླ་པོར་བྱུང་བ་ཞིག་མིན་པའི་མྱོང་ཚོར་ཟབ་མོ་བྱུང་། མི་ཚོས་རྒྱུན་དུ་འཚོ་བ་གསར་པར་གཅེས་སྤྲས་བྱེད་དགོས་ཞེས་ཤོད་པ་དེ་ནི་ནམ་ཡང་འགྱུར་བ་མེད་པའི་དོན་དམ་པ་ཞིག་རེད”ཅེས་བརྗོད།

    2384667_huangzy_1654272000000_s.jpg

    བསོད་ནམས་དགྲ་འདུལ་གྱིས། ལྷ་མོའི་འཁྲབ་གཞུང《ཚེ་རིང་ལྷ་མོ》ཞེས་པར་འཁྲབ་ཚན་མི་སྣ་ཚེ་རིང་ལྷ་མོ་བརྒྱུད་བོད་ཀྱི་སྔ་དེང་འཁྲབ་པ་དང་བོད་ཀྱི་སྤྱི་ཚོགས་རྙིང་པ་ནས་སྤྱི་ཚོགས་གསར་པའི་བར་གྱི་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་། འཚོ་བའི་འཕེལ་རིམ། ལོ་རྒྱུས་ཀྱི་འཕོ་འགྱུར་བཅས་ཁྱོན་ཡོངས་ནས་མཚོན་པར་བྱས་ཡོད། སྒྱུ་རྩལ་མངོན་ཚུལ་གྱི་ཐད་གསར་གཏོད་རང་བཞིན་གྱི་སྒོ་ནས་གློག་འོད་དང་། རོལ་དབྱངས། གྱོན་ཆས། འཁྲབ་ཆས། གར་སྟེགས་མཛེས་རྩལ་སོགས་དེང་རབས་གར་སྟེགས་ཀྱི་སྒྱུ་རྩལ་ལ་བརྟེན་ནས་སྲོལ་རྒྱུན་གྱི་ལྷ་མོ་མཉམ་འདྲེས་ཀྱི་བོད་རྙིང་པའི་གཏམ་རྒྱུད་ཅིག་མཚོན་པར་བྱས་ཡོད་ཅེས་བརྗོད།

    སྲོལ་རྒྱུན་ལྷ་མོའི་སྙིང་བཅུད་སོར་འཇོག་དང་དེང་རབས་གར་སྟེཌ་སྒྱུ་རྩལ་མཉམ་འདྲེས་བྱས་པ།

    2384675_huangzy_1654272000000_s.jpg

    “སྨག་རུམ་མུན་ནག”གི་ལེའུ་འགོ་ཚུགས་སྐབས། གར་སྟེགས་གཙོ་བོ་སྔར་བཞིན་ནག་རྐྱང་ཡིན་པ་དང་ཞིང་བྲན་ཚོའི་གྱོན་གོས་ཧྲལ་ཧྲུལ་ཡིན་པ་དེ་དག་མཐོང་བ་ཙམ་གྱིས་མི་རྣམས་སྐྱོ་སྣང་སྐྱེ་དགོས་པ་ཞིག་ཡོད། གཞིས་བདག་དང་ཁོ་པའི་ལྕམ་དོན་སྐབས། བཀྲག་མདངས་ཆེ་བའི་གྱོན་གོས་དང་རྩ་ཆེ་བའི་རྒྱན་ཆ་བཏགས་ཤིང་། སྤོབས་པ་མཐོ་ལ་རྣམ་འགྱུར་ངན་པ་བསྟན་པ་དེ་ལས་ཞིང་བྲན་དང་ཁྱད་པར་ཆེན་པོ་ཡོད་པ་མངོན་ཡོད།

    ཕྱག་མཛོད་ཀྱི་སྐད་སྒྲའི་ཁྲོད་གྱོན་གོས་ནག་པོ་གཅིག་པ་གྱོན་པའི་རྒྱུག་ཤན་པས་སྲོལ་རྒྱུན་གྱི་རྣམ་ཐར་གཏོང་བ་དང་སྲོལ་རྒྱུན་གྱི་ལྷ་མོའི་རྔ་ཚིགས་ཀྱི་འགྲོས་དང་བསྟུན་ནས་དོན་པ་དེ་ལས་མི་རྣམས་དབུགས་འབྱིན་དཀའ་བའི་ཚོར་སྣང་ཞིག་གར་སྟེགས་ཡོངས་སུ་ཁྱབ།

    ས་རུབ་དུས། གློག་འོད་འོག་ཚེ་རིང་ལྷ་མོ་སྐྱ་ཐེར་ཐེར་གྱི་ཁང་ཆུང་དུ་ལོག་ནས་དཀའ་སྡུག་གི་ལས་དབང་ལ་སྐྱོ་ཤས་ཆེ་བའི་རྣམ་ཐར་གཏོང་འགོ་ཚུགས།

    སྐབས་དེ་དུས། གར་སྟེགས་འོག་གི་ལྟད་མོ་བ་རྣམས་འཁྲབ་ཚན་གྱི་མི་སྣ་གཙོ་བོའི་ལས་དབང་དང་སྦྲགས་ནས་མིག་ཆུ་བཏང་སྟེ་བོད་རྙིང་པའི་ཡ་ང་ཞིང་དཀའ་སྡུག་ཆེ་བའི་འཚོ་བར་དབུགས་རིང་བཏང་།

    ལྷ་མོའི་འཁྲབ་གཞུང《ཚེ་རིང་ལྷ་མོ》ཞེས་པའི་སྤྱི་ཡོངས་ཀྱི་མཚོན་སྟངས་ནང་། འཁྲབ་གཞུང་གི་འཕེལ་རིམ་ལ་གཞིགས་ནས་འཁྲབ་ཚན་གྱི་མི་སྣ་གཙོ་བོའི་དགའ་སྐྱོ་ཆགས་སྡང་གི་དགོས་མཁོའི་མཚམས་སུ་སྒྲོ་འདོགས་ཆེན་པོ་དང་རམ་སྐྱོར་བྱེད་དགོས་ཚེ། རོལ་དབྱངས་ཀྱི་སྒྲ་གདངས་མཐོ་དམན་སྤྱད་ནས་རམ་སྐྱོར་བྱེད་ཀྱི་ཡོད་ཅིང་། སྡེབ་གཅིག་ལ་དོན་དགོས་པའི་སྐབས་སུ་སྲོལ་རྒྱུན་གྱི་རྣམ་ཐར་བཏང་སྟེ་འཁྲབ་ཚན་ཧྲིལ་པོའི་ལྷ་མོའི་ཉམས་འགྱུར་མི་ཉམས་པ་བྱེད་ཀྱི་ཡོད།

    བསོད་ནམས་དགྲ་འདུལ་གྱིས། སྲོལ་རྒྱུན་གྱི་རྣམ་ཐར་ངོས་ནས་བརྗོད་ན་ལྷ་མོའི་འཁྲབ་སྟོན་པ་ཚང་མར་ལྷན་སྐྱེས་ཤེས་རབ་ལྡན་དགོས་པ་མ་ཟད། ད་དུང་དུས་ཡུན་རིང་པོའི་སྦྱོང་བརྡར་དང་ཤུགས་རྐྱེན་བཟང་པོའང་ཐེབས་དགོས་པ་དཔེར་ན། ལྷ་མོའི་མགྲིན་དབྱངས་མཐོ་དམན་སོགས་ནི་མཛེས་འཆོས་དབྱངས་ཡིན་པས་དེ་དག་ལྷ་མོའི་རྣམ་ཐར་དང་འབྲེལ་བ་ཡོད་པ་མ་ཟད། ད་དུང་བསྡུར་ཚད་ངེས་ཅན་ཞིག་བཟུང་གི་ཡོད། ལྷ་མོའི་རྣམ་ཐར་གྱི་འགྱུར་ཁུག་རྩོམ་སྟངས་ནི་སྤྱིར་བཏང་གི་གདངས་རྩོམ་སྟངས་དང་མི་འདྲ་བར་འགྱུར་ཁུག་རྩོམ་པའི་ཐད་དཀའ་ངལ་ངེས་ཅན་ཞིག་ཡོད་ལ། ལྷག་པར་དུ་འཁྲབ་སྟོན་པའི་རྣམ་ཐར་གཏོང་རྩལ་ལ་ཉམས་ཚོད་ཆེན་པོ་ཞིག་རེད་ཅེས་བརྗོད།

    2384671_huangzy_1654272000000_s.jpg

    ཚེ་རིང་ལྷ་མོ་འཁྲབ་མཁན་Aདང་Bགཉིས་ཀ་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་རྐང་འཛིན་འཁྲབ་སྟོན་པ་གསར་པ་རེད།

    ཚེ་རིང་ལྷ་མོ་འཁྲབ་མཁན་གྲས་ཀྱི་བསོད་ནམས་ཆོས་སྒྲོན་གཞོན་པ་ནི་བརྒྱུད་རིམ་ལྡན་པའི་གསོ་སྦྱོང་ལོ་6བྱས་པ་བརྒྱུད་2008ལོར་ལྷ་མོ་ཚོགས་པར་ཞུགས་པ་དང་། སྐབས་དེ་དུས་ལོ་18ཏག་ཏག་རེད། ཁོང་གིས“ཕྱིའི་རྣམ་པ་འདྲ་པོ་ཡོད་པའི་ཁར་ངས་ལྷ་མོའི་འཁྲབ་སྟོན་སྒྱུ་རྩལ་སློབ་སྦྱོང་བྱེད་པའི་སྙིང་རུས་དང་ཧུར་སེམས་གཏན་ནས་ཉམས་མྱོང་མེད་པའི་དབང་གིས་ང་རང་འཁྲབ་ཚན་གྱི་མི་སྣ་གཙོ་བོའི་གྲས་སུ་ཚུད་པ་རེད་སྙམ་གྱི་འདུག”ཅེས་བརྗོད།

    ལྷ་མོ་ཚོགས་པར་ཞུགས་ནས་ལོ་12སོང་རིང་། བསོད་ནམས་ཆོས་སྒྲོན་གཞོན་པ་ལྷ་མོ་ཚོགས་པར་ཞུགས་མ་ཐག་པའི་ལྷ་མོའི་འཁྲབ་སྟོན་པ་གཞན་དག་དང་འདྲ་བར་འཁྲབ་སྟོན་པ་ཕལ་པ་ཞིག་ནས་འགོ་བཙུགས་ཏེ་སྦྱངས་པ་དང་། ལྷ་མོའི་འཁྲབ་ཚན་ཐུང་གྲས་སྐབས་འཁྲབ་སྟོན་པ་བྱས་ཏེ་གོམ་པ་རེ་རེ་བཞིན་མི་སྣ་གཙོ་བོར་གྱུར། ལོ་མང་རིང་ཁོང་གིས་ཉིན་ལྟར་ཞོགས་པ་ནུས་རྩལ་སྦྱོང་བརྡར་ཁང་དུ་ཆུ་ཚོད་ཕྱེད་ཀ་སྔོན་ལ་ཡོང་ནས་རྐང་པ་གནོན་པ་དང་སྐད་གདངས་སྦྱོང་གི་ཡོད། རྒྱུན་གཏན་ཁྱིམ་དུའང་ཁོང་གིས་ནང་ལས་བྱེད་ཞོར་དུ་སྐད་གདངས་ཡང་ཡང་སྦྱོང་གི་ཡོད།

    དྲང་ནུས་ལྡན་པའི་ཁོང་ལ་ང་ཚོས་སློབ་སྦྱོང་བྱེད་རིན་ཆེན་པོ་ཡོད།

    འཁྲབ་གཞུང་ནང་གི་འཁྲབ་སྟོན་མི་སྣ་གཙོ་བོ་ཚེ་རིང་ལྷ་མོ་གར་སྟེགས་སུ་དོན་སྐབས་བཙོག་ལ་ཧྲལ་ཧྲུལ་ཡིན་པའི་འོག་འཇུག་དམར་པོ་ཞིག་གྱོན་ཡོད་པ་ནས། མཐར་ཁོང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་འགྱུར་དུས་དམར་མདངས་བཀྲ་བའི་འོག་འཇུག་ཅིག་གྱོན་ཏེ་ལྟད་མོ་བར་རྒྱབ་གཏད་ནས་དེ་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ཕྱོགས་སུ་སྐྱོད།

    སྔར་མེད་གསར་གཏོད་ཀྱི་ཇུས་འགོད་དེ་ལས་འཁྲབ་གཞུང་དེའི་གྱོན་གོས་ཇུས་འགོད་པ་པད་མ་སྒྲོལ་དཀར་དང་ཧོང་ཨའེ་ཉི་ཡིས། “ཇུས་འགོད་འདི་སྒྱུ་རྩལ་གྱི་ངོས་ནས་བརྗོད་ན། ཚེ་རིང་ལྷ་མོར་གསར་བརྗེའི་གཞི་རྒྱུ་ལྡན་པ་མཚོན་ཡོད་ལ་ཁོང་གི་མི་ཚེའི་བརྒྱུད་རིམ་ཡང་མཚོན་ཡོད། མ་ཟད་ཁོང་ཕྲུ་གུའི་ཨ་མ་ཆགས་རྗེས། རང་གི་ཨ་མས་སྤྲད་པའི་ཁན་སྦྱར་རྙིང་པ་དེ་གྱོན་པ་དང་སྐལ་བཟང་གིས(འཁྲབ་གཞུང་ནང་གི་ཚེ་རིང་ལྷ་མོའི་བཟའ་ཟླ)སྤྲད་པའི་པང་གདན་བཏགས་པ་དང་། ཁན་སྦྱར་དང་པང་གདན་ལས་ཁོང་གིས་གཉེན་ཉེའི་རེ་བ་དང་སྨོན་འདུན་བཅངས་ཏེ་སྤྱི་ཚོགས་གསར་པར་མུ་མཐུད་སྐྱོད་པ་མཚོན་གྱི་ཡོད”ཅེས་བརྗོད།

    2384669_huangzy_1654272000000_s.jpg

    ཚེ་རིང་ལྷ་མོ་འཁྲབ་མཁན་གྱི་གྲས་ཤིག་ཡིན་པའི་བསོད་ནམས་ཆོས་སྒྲོན་གཞོན་པས་མི་སྣ་འདི་འཁྲབ་རྗེས“ཚེ་རིང་ལྷ་མོའི་ལུས་སྟེང་དུ་ནམ་ཡང་མགོ་མི་སྒུར་བའི་སྟོབས་ཤུགས་ཤིག་དང་། དྲང་ནུས་དང་ཡར་བརྩོན་དང་། དེ་བཞིན་བློ་བག་ཡངས་བའི་མི་ཚེའི་ལྟ་སྟངས་ཤིག་ལྡན་པར་ང་ཚོ་མི་རབས་ཚང་མས་སློབ་སྦྱོང་བྱེད་རིན་ཡོད”ཅེས་མྱོང་ཚོར་ཟབ་མོས་བརྗོད།

    དོན་དངོས་འཚོ་བའི་ནང་། 1959ལོར་ཚེ་རིང་ལྷ་མོ་གནས་སའི་བསམ་མཁར་གྲོང་ཚོར་དམངས་གཙོའི་བཅོས་སྒྱུར་གྱི་དཔྱིད་ཀ་ཤར་ཞིང་། ལོ་དེར་ཚེ་རིང་ལྷ་མོ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱ་དང་འདྲ་བར་ཡར་ལངས་བཅིངས་འགྲོལ་ཐོབ་ནས་ཁོང་ལ་ཁང་པ་དང་། ས་ཞིང་། ར་ལུག་བཅས་བགོ་འགྲེམས་རག་ཡོད།

    ཚེ་རིང་ལྷ་མོའི་ལྕག་སྐུལ་དང་སྣེ་ཁྲིད་འོག 1961ལོའི་ཟླ་3པར་བོད་ཀྱི་སྔོན་ཆད་ནང་གཟན་ལས་གྲུབ་པའི་རོགས་རེས་ཚོགས་ཆུང“དབུལ་རྐྱང་རོགས་རེས་ཚོགས་ཆུང”སྣེ་གདོང་རྫོང(ད་ལྟའི་སྣེ་གདོང་ཆུས)བསམ་མཁར་གྲོང་ཚོར་བཙུགས་པ་རེད།

    དུས་རབས་20པའི་ལོ་རབས་བདུན་ཅུ་བརྒྱད་ཅུ་པར་ཚེ་རིང་ལྷ་མོར“རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ”དང“རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་བ”སོགས་ཀྱི་མཚན་སྙན་ཐོབ་པ་དང་འབྲེལ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་གཉིས་ཀྱི་འཐུས་མིར་བསྟུད་མར་བདམས་ཐོན་བྱུང་བ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པར་བདམས་ཐོན་བྱུང་ཡོད། ད་ཆ་དགུང་ལོ་96ལ་སླེབས་པའི་རྒན་མོ་ཚེ་རིང་ལྷ་མོ་བུ་མོ་དང་མཉམ་དུ་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་རྩེད་ཐང་གྲོང་རྡལ་དུ་བདེ་སྐྱིད་ལྡན་པའི་ཚེ་མཇུག་སྐྱེལ་བཞིན་ཡོད།

    དངོས་མཚོན་ལྷ་མོའི་འཁྲབ་གཞུང《ཚེ་རིང་ལྷ་མོ》ཞེས་པའི་གསར་རྩོམ་པ་གཙོ་བོ་མང་ཆེ་བ་ནི་ལྗོངས་ལྷ་མོ་ཚོགས་པའི་རྐང་འཛིན་སྟོབས་ཤུགས་ཡིན་པ་དང་འབྲེལ་ན་གཞོན་འཁྲབ་སྟོན་པས་འཁྲབ་སྟོན་མི་སྣ་གཙོ་བོའི་འགན་འཁུར་ཡོད། དེའི་ཐད་བསོད་ནམས་དགྲ་འདུལ་ལ་རང་ཉིད་ཀྱི་བསམ་ཚུལ་ཡོད་དེ“ན་གཞོན་ལྷ་མོ་འཁྲབ་སྟོན་པ་དེ་བས་མང་བ་གསོ་སྐྱོང་བྱེད་བསམ་ན། ཁོང་ཚོ་ལྷ་མོའི་སྒྱུ་རྩལ་མཁས་ཅན་མི་རབས་གསར་པར་འགྱུར་རྒྱུའི་གོ་སྐབས་སྤྲད་ནས་གནའ་བོའི་ལྷ་མོའི་སྒྱུ་རྩལ་ལ་གསོན་ཤུགས་གསར་པ་བསྣན་རྒྱུ་དེ་རེད”ཅེས་བརྗོད།

    2384665_huangzy_1654272000000_s.jpg

    (པར་ངོས་འདིའི་པར་ཚང་མ་ལྷ་མོའི་འཁྲབ་གཞུང《ཚེ་རིང་ལྷ་མོ》ཞེས་པའི་འཁྲབ་ཚན་གྱི་པར་ཡིན། ཟླ་བ་སྒྲོལ་མ་དང་ཞོགས་གཡང་གིས་པར་བླངས)

    (ཚེ་བརྟན་སྒྲོལ་དཀར་དང་པ་སངས་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས) 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།