རྒྱལ་སྤྱིའི་འབྲེལ་བའི་གསར་འགྱུར་རྩོམ་ཡིག་ཡིག་སྒྱུར་བྱེད་སྟངས་སྐོར་ལ་རགས་ཙམ་དཔྱད་པ།
ང་ཚོས་རྒྱུན་གཏན་གྱི་འཚོ་བའི་ནང་གསར་འགྱུར་ལ་རྟག་ཏུ་དོ་སྣང་བྱེད་ཀྱི་ཡོད། རྒྱལ་ནང་གི་གསར་འགྱུར་ཕུད། རྒྱལ་སྤྱིའི་གསར་འགྱུར་ཁ་ཤས་ཡིག་སྒྱུར་རམ་ཡང་ན་སྐད་སྒྱུར་བྱས་རྗེས། ང་ཚོས་གཞི་ནས་གསར་འགྱུར་དེའི་ནང་དོན་རྟོགས་ཐུབ། འོན་ཀྱང་གསར་འགྱུར་ཡིག་སྒྱུར་ནི་སྟབས་བདེ་བའི་བྱ་བ་ཞིག་གཏན་ནས་མིན། གསར་འགྱུར་ཡིག་སྒྱུར་ལས་དོན་པར་ཆེད་ལས་ཀྱི་ཤེས་བྱ་དང་ཐ་སྙད་ཕུད། བསྒྱུར་བྱའི་ནང་དོན་གནད་ལ་འཁེལ་པོ་ཞིག་བསྒྱུར་ནས་ཀློག་པ་པོ་དང་གསན་པ་པོར་ནོར་འཁྲུལ་གྱི་ཆ་འཕྲིན་བརྒྱུད་བསྒྲགས་བྱེད་མི་རུང་། གསར་འགྱུར་ཡིག་སྒྱུར་ལའང་སོ་སོའི་ཆེད་ལས་ཀྱི་ཐ་སྙད་སྤྱོད་སྟངས་ཤིག་ཡོད་པས། གསར་འགྱུར་ཡིག་སྒྱུར་ལས་དོན་པས་ཡུན་རིང་གསོག་འཇོག་དང་ཕྱོགས་སྡོམ་བྱེད་དགོས་ཀྱི་ཡོད། གལ་སྲིད་གསར་འགྱུར་ཡིག་སྒྱུར་བྱེད་སྐབས་མ་ཡིག་ལ་གོ་དཔྱིས་ཕྱིན་པ་མ་ལོན་པའམ་བུ་ཡིག་ལ་འཇུག་པ་བདེ་བར་ཕབ་མ་ཤེས་ན། མཇུག་འབྲས་ངན་པ་ཐོན་པར་ཐེ་ཚོམ་མ་མཆིས་པས། རིག་པ་རྩེ་གཅིག་ཏུ་སྒྲིམ་དགོས་ཀྱི་ཡོད། གཤམ་ལ་གསར་འགྱུར་ཡིག་སྒྱུར་ཁྲོད་ཀྱི་རྒྱལ་སྤྱིའི་འབྲེལ་བའི་གསར་འགྱུར་རྩོམ་ཡིག་སྒྱུར་སྟངས་སྐོར་ལ་རང་ཉིད་ཀྱི་ལྟ་ཚུལ་རགས་ཙམ་བརྗོད་རྒྱུ་ཡིན།
དང་པོ། ཕྱི་འབྲེལ་ཐ་སྙད་གསར་པ་ཡིག་སྒྱུར་གྱི་མིག་སྔའི་གནས་ཚུལ་དང་འབྲེལ་ཡོད་གནད་དོན།
ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དང་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། ཀྲུང་གོའི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་སོང་ནས་བྱ་གཞག་ཁག་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་མ་ཟད། རྒྱལ་སྤྱིའི་གནས་བབ་ཀྱང་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ་དང་བསྟུན་ནས་ཕྱི་འབྲེལ་ལས་དོན་ཇེ་མང་དུ་སོང་བ་དང་དེ་འབྲེལ་གྱི་ཐ་སྙད་གསར་པ་ཡང་ཟམ་མི་ཆད་པར་མང་དུ་སོང་ཞིང་། ཕྱི་འབྲེལ་ཐ་སྙད་དེ་དག་གིས་ཀྲུང་གོའི་སྲིད་ཇུས་དྲིལ་བསྒྲགས་དང་། ཀྲུང་གོའི་གཟུགས་བརྙན་གཏོད་པ། ཕྱི་འབྲེལ་ཐད་ཀྱི་ཀྲུང་གོའི་སྐད་ཆ་ཤོད་དབང(话语权)ཆེ་རུ་གཏོང་བ་སོགས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། མིག་སྔར་ཕྱི་འབྲེལ་ཐ་སྙད་ཡིག་སྒྱུར་ལ་གཤམ་གྱི་གནད་དོན་དག་ཡོད་པ་སྟེ།
གཅིག སྒྱུར་ཡིག་གནད་ལ་མི་འཁེལ་བ་དང་ཆབ་སྲིད་ཀྱི་ཚོར་སྐྱེན་རང་བཞིན་ཆེན་པོ་མེད་པ།
ཕྱི་འབྲེལ་ཐ་སྙད་ཀྱི་ཁྱད་ཆོས་ཆེ་ཤོས་ནི་ཆབ་སྲིད་རང་བཞིན་ཡིན་པས་ཡིག་སྒྱུར་སྐབས་སུ་ནང་དོན་དང་འཚམ་ལ། གནད་ལ་འཁེལ་བའི་མིང་ཚིག་སྤྱོད་དགོས། དཔེར་ན། དགེ་མཚན་ལྡན་པའི་འཐབ་ཇུས་མཉམ་ལས་ཀྱི་རོགས་ཟླའི་འབྲེལ་བ(建设性战略合作伙伴关系)དང་། འཐབ་ཇུས་གཉིས་ཕན་གྱི་འབྲེལ་བ(战略互惠关系) ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་ཀྱི་རོགས་ཟླའི་འབྲེལ་བ(全面战略协作伙伴关系) རྣམ་པ་ཀུན་གྱི་འཐབ་ཇུས་མཉམ་ལས་ཀྱི་རོགས་ཟླའི་འབྲེལ་བ(全天候战略合作伙伴关系) ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་རོགས་ཟླའི་འབྲེལ་བ(全面战略合作伙伴关系) ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ(全面战略伙伴关系) ཕྱོགས་ཀུན་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ(全方位战略伙伴关系) འཐབ་ཇུས་མཉམ་ལས་ཀྱི་རོགས་ཟླའི་འབྲེལ་བ(战略合作伙伴关系) འཐབ་ཇུས་རོགས་ཟླའི་འབྲེལ་བ(战略伙伴关系) ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བ(全面合作伙伴关系) བློས་འགེལ་ཆོག་པའི་མཉམ་ལས་ཀྱི་རོགས་ཟླའི་འབྲེལ་བ(可信赖的合作伙伴关系) མཉམ་ལས་རོགས་ཟླའི་འབྲེལ་བ(合作伙伴关系) རོགས་ཟླའི་འབྲེལ་བ(伙伴关系)བཅས་ཡོད། མདོར་ན། རང་རྒྱལ་གྱི་ཕྱི་འབྲེལ་རོགས་ཟླའི་ཁྲོད་རིམ་པ་མང་པོ་ཡོད་པ་དང་རྒྱལ་ཁབ་མི་འདྲ་བའི་དབར་གྱི་རོགས་ཟླའི་འབྲེལ་བ་ཡང་གཅིག་པ་མིན། དེར་བརྟེན་ང་ཚོས་རྒྱལ་སྤྱིའི་འབྲེལ་བའིགསར་འགྱུར་རྩོམ་ཡིག་ཡིག་སྒྱུར་སྐབས་རོགས་ཟླའི་འབྲེལ་བའི་རིམ་པ་མ་ནོར་བ་བྱེད་དགོས།
གཉིས། ཐ་སྙད་གཅིག་གྱུར་མེད་པ། རྒྱུན་མཐོང་དང་གལ་ཆེ་བའི་ཕྱི་འབྲེལ་ཐ་སྙད་ལ་སྒྱུར་སྟངས་མང་པོ་ཐོན་ནས་གཅིག་གྱུར་བྱུང་མེད་པ། དཔེར་ན། “ལས་དབང་གཅིག་མཐུན་འདུས་གྲུབ”(“命运共同体”)ལ་སྒྱུར་སྟངས་མི་འདྲ་བ་མང་པོ་བྱུང་ཡོད་པ་སྟེ། “ལས་དབང་གཅིག་མཐུན་འདུས་གྲུབ”དང་། “ལས་དབང་གཅིག་མཐུན་ཚོགས་པ” “ལས་དབང་འདུས་གྲུབ་མ”སོགས་གཅིག་གྱུར་མེད་པའི་དཔེ་མཚོན་མང་པོ་ཡོད། ཐ་སྙད་གཅིག་གྱུར་མ་བྱུང་བའི་སྐོར་ལ་ལོ་ཙཱ་བ་མང་པོས་རྒྱུན་དུ་གསུངས་དང་གསུང་མུས་ཡིན་པས། འདི་ཙམ་གྱིས་འཐུས་པར་བྱའོ།
གསུམ། བསྒྱུར་ཡིག་གི་ཆེད་ལས་རང་བཞིན་མི་འདང་བ་དང་ཐ་སྙད་རྒྱལ་སྤྱིའི་ཚད་གཞི་ཅན་གྱི་འདུ་ཤེས་ཆེན་པོ་མེད་པ། ཕྱི་འབྲེལ་གྱི་ཐ་སྙད་ཁག་གཅིག་སྒྱུར་སྐབས་ནང་དོན་ལ་མ་བལྟས་པར་མིང་ཚིག་གི་དོན་ཁོ་ན་ཐད་བསྒྱུར་བྱས་པ་དེས་རྒྱལ་སྤྱིའི་འབྲེལ་བའི་གསར་འགྱུར་གྱི་རྩོམ་ལུས་དང་མི་མཐུན་པ་དང་། ཕྱི་འབྲེལ་སྐད་ཆའི་ཁྱད་ཆོས་རྦད་དེ་མཚོན་ཐུབ་ཀྱི་མེད། ཕྱི་འབྲེལ་ལས་དོན་་ནི་དོན་ཆུང་ཞིག་མིན་པས། དེ་རྒྱལ་ཁབ་ཀྱི་མངའ་ཁོངས་བདག་དབང་དང་། རྒྱལ་ཁབ་ཀྱི་ཁེ་ཕན། མི་རིགས་ཀྱི་ལ་རྒྱ། རྒྱལ་དམངས་ཀྱི་བདེ་རྩ་བཅས་དང་འབྲེལ་བ་དམ་ཟབ་ཡོད། དུས་རྒྱུན་ཕྱི་འབྲེལ་པུའི་མགྲིན་ཚབ་པའི་གཏམ་བཤད་ནང་སྐབས་རེ་རྣམ་འགྱུར་དྲག་པོ་མཚོན་པའི་གཏམ་བཤད་སྤེལ་བ་ཕུད། ཕྱི་འབྲེལ་སྐད་ཆར་འགྲེལ་བཤད་རྒྱག་གཞི་ཡོད་པ་དང་བརྐྱང་བསྐུམ་བྱ་གཞི་ཡོད་པ་བྱ་ཆེད། ཕྱི་འབྲེལ་གྱི་ཐ་སྙད་དཔེར་ན། “དོ་ཁུར་ཟབ་མོ་བྱེད་ཀྱི་ཡོད”(“严重关切”) “རྒོལ་གཏམ་དྲག་པོ་གཏོང་གི་ཡིན”(“强烈抗议”) “ངོ་རྒོལ་དྲག་པོ་བྱེད་རྒྱུ་ཡིན”(“强烈反对”) “མི་འདོད་པའི་རྣམ་འགྱུར་དྲག་པོ་སྟོན་གྱི་ཡིན”(“严重不满”) “ཁ་རྡུང་དྲག་པོ་གཏོང་གི་ཡིན”(“强烈谴责”) “དྲང་ནན་ངང་སྐད་ཆ་བྱེད་རྒྱུ་ཡིན”(“严正交涉”) “བློ་ཕམ་ཆེན་པོ་བྱུང”(“深表遗憾”)སོགས་དེ་རིགས་ངེས་པར་དུ་སྤྱོད་དགོས་ཀྱི་ཡོད།
གཉིས་པ། ཕྱི་འབྲེལ་ཐ་སྙད་ཡིག་སྒྱུར་བྱེད་སྐབས་སྲུང་དགོས་པའི་རྩ་དོན་བཞི།
གཅིག ཆབ་སྲིད་འདྲ་མཚུངས་ཀྱི་རྩ་དོན། ཀྲུང་གོའི་ཕྱི་འབྲེལ་ཐ་སྙད་ལ་ཆབ་སྲིད་ཀྱི་ཚོར་སྐྱེན་རང་བཞིན་དང་མི་རིགས་ཀྱི་དམིགས་བསལ་རང་བཞིན་ལྡན་ཡོད། དེར་བརྟེན་ཡིག་སྒྱུར་སྐབས་མ་ཡིག་གི་ཆབ་སྲིད་ཀྱི་བསམ་བློ་དང་ཆབ་སྲིད་ཀྱི་ཚིག་སྦྱོར་ཇི་མ་ཇི་བཞིན་མཚོན་པའི་རྨང་གཞིའི་ཐོག ཀློག་པ་པོ་དང་གསན་པ་པོས་གོ་ཐུབ་པའི་ཚིག་སྦྱོར་སྤྱད་དེ་ཆབ་སྲིད་ཀྱི་བརྡ་འཕྲིན་བརྒྱུད་བསྒྲགས་ཀྱི་དམིགས་ཡུལ་སྒྲུབ་པ་བྱེད་དགོས། མཐར་བསྒྱུར་ཡིག་དང་མ་ཡིག་གི་བརྒྱུད་བསྒྲགས་ནུས་པ་སྤྱིའི་ཆ་ནས་མཐུན་ཐུབ་པ་བྱས་ནས་གོ་ནོར་མི་ཐེབས་པ་བྱེད་དགོས།
གཉིས། ཐ་སྙད་གཅིག་གྱུར་གྱི་རྩ་དོན། གསར་འགྱུར་ཡིག་སྒྱུར་ཡིན་ཕྱིན་ངེས་པར་དུ་ཐ་སྙད་གཅིག་གྱུར་དགོས། ཐ་སྙད་གཅིག་གྱུར་མེད་ན། གསར་འགྱུར་རྩོམ་ཡིག་གི་ཆབ་སྲིད་བསམ་བློ་དང་ཕྱི་འབྲེལ་བརྡ་འཕྲིན་ལ་འཛོལ་ཁྱད་ཤོར་སྲིད།
གསུམ། ཆེད་ལས་ཐ་སྙད་ཀྱི་རྩ་དོན། རྒྱལ་སྤྱིའི་འབྲེལ་བའི་གསར་འགྱུར་རྩོམ་ཡིག་སྒྱུར་སྐབས་ཚིག་སྦྱོར་མདོར་བསྡུས་པོ་དང་། ཁ་གསལ་བ། གནད་ལ་འཁེལ་བ། ཆེད་ལས་ལྡན་པ་བཅས་དགོས་ལ། ཕྱི་འབྲེལ་སྐད་ཆ་ཤོད་སྟངས་ཀྱི་གོམས་གཤིས་དང་བསྟུན་དགོས། དེའི་བསྒྱུར་ཡིག་འདྲ་ཆགས་པོ་དང་མདོར་བསྡུས་པོ་ཡིན་པ་དང་། ཕྱི་འབྲེལ་ཚིག་སྦྱོར་དེ་རིགས་ངེས་པར་དུ་ཇི་མ་ཇི་བཞིན་སྤྱོད་དགོས།
བཞི། གཏན་ཕབ་དེ་སྤྱོད་ཀྱི་རྩ་དོན། རྒྱལ་སྤྱིའི་འབྲེལ་བའི་གསར་འགྱུར་རྩོམ་ཡིག་འབྲི་སྟངས་སྤྱིར་ན་གཅིག་མཚུངས་ཡིན་ཞིང་། དེའི་ནང་གི་ཕྱི་འབྲེལ་ཚིག་སྦྱོར་ནི་ཕྱི་འབྲེལ་གྱི་སྐད་ཆ་ཤོད་སྟངས་ལ་ནན་པོར་གཞིགས་ནས་བྲིས་པ་ཞིག་ཡིན་པས། དེར་བརྟེན་གཏན་ལ་ཕབ་པའི་ཚིག་སྦྱོར་དང་ཐ་སྙད་ཇི་མ་ཇི་བཞིན་ཡིག་སྒྱུར་བྱེད་དགོས།
མདོར་ན། རྒྱལ་སྤྱིའི་འབྲེལ་བའི་གསར་འགྱུར་རྩོམ་ཡིག་ཡིག་སྒྱུར་སྐབས་ཕྱི་འབྲེལ་ཐ་སྙད་ནི་མེད་དུ་མི་རུང་བ་ཞིག་རེད། དེར་བརྟེན་ལོ་ཙཱ་བས་ཕྱི་འབྲེལ་ཐ་སྙད་སྒྱུར་སྟངས་ལ་ཞིབ་འཇུག་མང་ཙམ་བྱས་ཏེ་ཐ་སྙད་དེ་རིགས་གོ་བདེ་པོ་དང་གནད་ལ་འཁེལ་པོ་ཞིག་བཟོ་དགོས་པ་དང་། གསར་འགྱུར་རྩོམ་ཡིག་ཡིག་སྒྱུར་ལ་དོ་སྣང་མང་ཙམ་བྱས་ཏེ་ཕྱི་འབྲེལ་ཐ་སྙད་ཀྱི་ཚད་གཞི་ཞིག་ཆགས་པ་བྱེད་དགོས།
(བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་བོད་ཡིག་རྩོམ་སྒྲིག་ཁང་གི་ལྷ་དབང་ཚེ་འཕེལ)