གངས་ལྗོངས་ས་མཐོའི་ཤེས་དཔལ་གྱི་འཕེལ་རིམ།
འདི་ནི་ཟླ་3ཚེས་29ཉིན་པར་བླངས་པའི་བསམ་ཡས་གཙུག་ལག་ཁང་ཡིན་པ།
འདི་ནི་ཉེའུ་བ་མཐིལ་གནའ་ཤུལ་དུ་གནའ་རྫས་རྟོག་ཞིབ་བྱེད་སྐབས་ཐོན་པའི་རྡོ་ཆས་ཡིན་པ།
འུན་ཤིང་ཀོང་ཇོ་འཁོར་དང་བཅས་པ་ལེ་དབར་སྟོང་ཕྲག་བརྒལ་ནས་ར་སར(ད་ཆའི་ལྷ་ས)ཕེབས་འབྱོར་ཟིན་སྐབས། ཐུ་བྷོད་ཀྱི་བང་ཆེན་མང་པོས་གྲལ་བསྒྲིགས་ནས་ཀོང་ཇོར་བསུ་བ་ཞུས་པ་རེད།
འདི་ནི་པོ་ཏ་ལའི་ཕོ་བྲང་དཀར་པོའི་ནང་དུ་ཡོད་པའི་ཆིང་རྒྱལ་རབས་སྐབས་སུ་བཞེངས་པའི་ལྡེབས་རིས་ཤིག་རེད།
འུན་ཤིང་ཀོང་ཇོ་བོད་དུ་ཕེབས་འབྱོར་ཟིན་སྐབས་ཀྱི་གནས་ཚུལ་གཟབ་རྒྱས་བཀོད་པའི་ལྡེབས་རིས་དེས་འཛམ་གླིང་གི་སྐྱེ་བོ་ཀུན་ལ་རྒྱ་བོད་མི་རིགས་གཉིས་ཀྱི་སྤེལ་རེས་འགྲོ་འོང་དང་མཉམ་འདྲེས་ཀྱི་ལོ་རྒྱུས་རང་བཞིན་གྱི་གནས་ཚུལ་བསྟན་ཡོད།
ད་ལྟའི་བར་གནའ་རྫས་རྟོག་ཞིབ་མང་པོ་ཞིག་ལས་ས་འོག་ཏུ་སྦས་པའི་ལོ་རྒྱུས་གསལ་པོར་མངོན་པར་བྱས་ལ། གནའ་བོའི་ལྡེབས་རིས་ཐོག་ནས་མི་རྣམས་ཀྱིས་ལོ་རྒྱུས་ཀྱི་བྲག་ཅ་ཉན་ཐུབ་པ་སྟེ། མུ་མཐའ་མེད་པའི་ས་མཐོར་ཀྲུང་ཧྭ་མི་རིགས་འོ་ཆུ་མཉམ་འདྲེས་ལྟ་བུའི་གཏམ་རྒྱུད་ཀྱི་རྒྱུན་གནའ་ནས་ད་བར་ཆད་མྱོང་མེད་པ་རེད།
ས་འོག་ཏུ་སྦས་པའི་སྤེལ་རེས་ལོ་རྒྱུས་མངོན་པར་བྱས་པ།
2017ལོར། མངའ་རིས་ས་ཁུལ་རྩྭ་མདའ་རྫོང་ནས་རྙེད་པའི་ཟངས་མདའ་ཀློང་སྒོའི་བང་སོ་ལས་དངོས་རྫས་རྩ་ཆེན་མང་པོ་ཐོན་པ་དེ་དག་ཐཱན་14ཡི་ལོ་རབས་གཏན་འཁེལ་བྱེད་ཐབས་བརྒྱུད། སྤྱི་ལོའི་སྔོན་གྱི་ལོ་366ནས་སྤྱི་ལོ་668བར་ཏེ་ལོ་1000ལྷག་རིང་གི་ཡིན་པ་ཤེས།
ཟངས་མདའ་ཀློང་སྒོའི་བང་སོ་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནུབ་སྣེའི་བྱང་འདབས་སུ་ཡོད་ལ་དེ་གའི་ས་བབ་མཐོ་ཚད་སྨི་3700ཟིན་གྱི་ཡོད། གནའ་རྫས་སྔོག་འདོན་ཁྲོད་དུ་གསེར་དང་དངུལ་གྱི་གདོང་རྒྱན་7(ཆ་ཚང་6)ཡོད་པ་དེ་དག་གི་བཟོ་དབྱིབས་རྒྱ་གར་ནུབ་བྱང་རྒྱུད་ཀྱི་མཱ་ལཱ་ལི་བང་སོ་དང་ནེ་པ་ལའི་བྱང་རྒྱུད་ཀྱི་ཟངས་རྫོང་བང་སོ་ནས་རྙེད་པའི་གསེར་དངུལ་གྱི་གདོང་རྒྱན་དང་ཧ་ལམ་མཚུངས་ཤིང་། དེ་ནས་ཐོན་པའི་དུར་རྫོངས་ཤིང་མི་ནི་མཚོ་བོད་ས་མཐོ་ནས་ཐེངས་དང་པོར་རྙེད་པ་ཡིན་ལ་དེ་དག་གི་བཟོ་དབྱིབས་དང་ཁྱད་ཆོས་ནི་ཤིན་ཅང་ཐུའུ་ལུའུ་ཧྥན་རྒྱུད་ནས་རྙེད་པའི་དུར་རྫོངས་ཤིང་མི་དང་ཧ་ལམ་མཚུངས་པ་རེད།
བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ཧོ་ཝེ་ཡིས། སྐབས་དེ་དུས་དེ་གར་མི་མང་པོ་འདུས་ནས་ཆབ་སྲིད་ཀྱི་དངོས་ཚན་དར་འགོ་ཚུགས་པ་མ་ཟད། ད་དུང་དཔལ་འབྱོར་དང་སྤྱི་ཚོགས་ཀྱང་འཕེལ་རྒྱས་ཕྱིན་ནས་ཤིན་ཅང་དང་། ནེ་པ་ལའི་བྱང་རྒྱུད། རྒྱ་གར་གྱི་བྱང་རྒྱུད། བོད་ལྗོངས་ལྷ་ས་དང་ལྷོ་ཁའི་དབུས་རྒྱུད་བཅས་དང་དེ་བཞིན་ཀྲུང་ཡོན་ས་ཁུལ་བཅས་ཚུད་པའི་མཐའ་འཁོར་གྱི་རིག་གནས་མི་འདྲ་བ་མང་པོ་མཉམ་འདྲེས་བྱུང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
ཀྲུང་གོ་གསར་པ་དབུ་བརྙེས་རྗེས་དངོས་སུ་འགོ་ཚུགས་པའི་བོད་ཀྱི་གནའ་རྫས་རྟོག་ཞིབ་བྱ་གཞག་ལས་འཛམ་གླིང་གི་སྐྱེ་བོ་ཀུན་ལ་རྒྱ་བོད་མི་རིགས་གཉིས་ཡངས་ཤིང་རྒྱ་ཆེ་བའི་ས་མཐོར་སྤེལ་རེས་མཉམ་འདྲེས་བྱུང་བའི་ལོ་རྒྱུས་བརྗིད་རྔམ་ལྡན་པ་ཞིག་བསྟན་ཡོད།
དུས་རབས་གོང་མའི་ལོ་རབས་བདུན་ཅུའི་དུས་མཇུག་ཏུ་རྙེད་པའི་ཆབ་མདོའི་ཁ་རུབ་གནའ་ཤུལ་གྱིས་འཛམ་གླིང་གི་སྐྱེ་བོ་ཀུན་ལ་ཡི་གེ་མ་དར་གོང་གི་བོད་ཀྱི་མིའི་རིགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་དེ་བཞིན་ཁྱིམ་མཚེས་ས་ཁུལ་དབར་གྱི་འབྲེལ་བ་ཐོག་མར་གསལ་པོར་བསྟན་པ་དང་སྦྲགས། ཁ་རུབ་རིག་གནས་དང་རྨ་ཆུ་བཞུར་རྒྱུད་ཀྱི་དུས་འགོའི་རིག་གནས་དབར་འབྲེལ་བ་དམ་ཟབ་ཡོད་པ་ཡང་ར་སྤྲོད་བྱས་ཡོད་པ་རེད།
2016ལོར་དངོས་སུ་སྔོག་འདོན་བྱས་པའི་བོད་བྱང་ཐང་གི་ཉེའུ་བ་མཐིལ་གནའ་ཤུལ་ནི་མིག་སྔའི་བར་གྱི་མཚོ་བོད་ས་མཐོའི་དབུས་རྒྱུད་ཀྱི་ལོ་རབས་སྔ་ཤོས་དང་འཛམ་གླིང་ཁྱབ་ཁོངས་ནང་གི་ས་བབ་མཐོ་ཤོས་ཀྱི་རྡོ་ཆས་རྙིང་མའི་དུས་སྐབས་ཀྱི་གནའ་ཤུལ་ཞིག་ཡིན་ལ། དེ་ལས་གནའ་རྫས་རྟོག་ཞིབ་བརྒྱུད་ས་མཐོར་གནའ་བོའི་མིའི་རིགས་བྱུང་བའི་དུས་ཚོད་སྔ་མ་ལས་ཀྱང་ལོ་ཁྲི་ཕྲག་ཁ་ཤས་ཀྱིས་སྔ་བ་ཡོད་པ་ར་སྤྲོད་བྱུང་བ་རེད།
ཉེའུ་བ་མཐིལ་གནའ་ཤུལ་ལས་རྡོ་ཆས་རྙིང་མའི་དུས་སྐབས་ཀྱི་རྡོ་ཆས་4000ལྷག་ཐོན་པའི་ནང་རྡོ་གཡམ་ཡོད་པ་དང་། “ཚན་རིག་ཞིབ་འཇུག་དང་དབྱེ་ཞིབ་ཡག་པོ་བྱས་པ་བརྒྱུད། གནའ་ཤུལ་འདི་ནི་ལོ་ཁྲི་4ནས་ཁྲི་3གོང་གི་ཡིན་པ་ཤེས་རྟོགས་བྱུང་ཡོད”ཅེས་ཀྲུང་གོ་ཚན་རིག་ཁང་གནའ་བོའི་སྲོག་ཆགས་སྒལ་ཚིགས་ཅན་དང་གནའ་བོའི་མིའི་རིགས་ཞིབ་འཇུག་སུའོ་ཡི་འབུམ་རམས་པ་ཀྲང་ཞའོ་ལིང་གིས་བརྗོད།
དེས་ན། གནའ་བོའི་མིའི་རིགས་བྱུང་བ་ནས་ཤེས་དཔལ་དར་བའི་བར་ས་མཐོར་བརྒྱུད་རིམ་གང་འདྲ་ཞིག་བརྒྱུད་ཡོད་ཅེ་ན།
བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཤར་རྒན་དབང་འདུས་ཀྱིས“རྒྱ་མཚོ་ཆེན་པོ་ནི་ཆུ་ཕྲན་མང་པོ་འདུས་ནས་གྲུབ་པ་བཞིན། མིག་སྔའི་བར་གནའ་རྫས་རྟོག་ཞིབ་བྱས་པ་ལས་གངས་ལྗོངས་ས་མཐོ་འདི་ནི་གནའ་ནས་ད་བར‘ཁེར་ཆགས་གླིང་ཕྲན’ཞིག་མིན་པར་སྒོ་མོ་ཀུན་ནས་དབྱེ་བའི་རིག་གནས་ཀྱི་མཐོ་ས་ཞིག་ཡིན་ཏེ། ས་ཁོངས་བརྒལ་བ་དང་། མཐའ་མཚམས་བརྒལ་བ། རིག་གནས་བརྒལ་བ་བཅས་ཀྱི་ལྟ་བ་དང་། སྲོལ་རྒྱུན། ཤེས་དཔལ་མང་པོ་དེ་གར་འདུས་ནས་གངས་ལྗོངས་ས་མཐོའི་མཚར་སྡུག་རྣམ་པར་བཀྲ་ཞིང་ཕུན་སུམ་ཚོགས་པའི་ཤེས་དཔལ་གྲུབ་པ་རེད”ཅེས་བརྗོད།
ལྡེབས་རིས་ཐོག་ནས་འགྲོ་འོང་ལོ་རྒྱུས་སླར་ཡང་མངོན་པ།
ཡར་ཀླུང་གཙང་པོའི་བྱང་ངོགས་སུ་གནས་པའི་བསམ་ཡས་གཙུག་ལག་ཁང་སྤྱི་ལོའི་དུས་རབས་8པར་བསྐྲུན་པ་དང་། 1996ལོར་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པའི་ཁོངས་སུ་བཅུག་ཡོད།
བསམ་ཡས་གཙུག་ལག་ཁང་གིས་འཛམ་གླིང་གི་སྐྱེ་བོ་ཀུན་ལ་སྒོ་དབྱེ་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ས་མཐོའི་ཤེས་དཔལ་ལོ་རྒྱུས་ཤིག་མངོན་ཡོད།
དབུ་རྩེ་ལྷ་ཁང་ནང་སྐྱོད་སྐབས་བར་ཁྱམས་སུ་བྲིས་པའི་རིང་ཚད་ལ་སྨི་92ཟིན་པའི་ལྡེབས་རིས་ཏེ། “བོད་ཀྱི་ལོ་རྒྱུས་རི་མོ”དེ་ཆར་རླུང་མང་པོ་བརྒྱུད་ནས་རབ་རིབ་ཏུ་གྱུར་ཡང་དེ་ལས་མི་རྣམས་ཀྱིས་སྔར་བཞིན་ཡུལ་དུས་ལས་བརྒལ་བའི་ལོ་རྒྱུས་ཤེས་རྟོགས་ཐུབ་ཀྱི་ཡོད།
ལོ་རྒྱུས་ཀྱི་དོན་རྐྱེན་གལ་ཆེན་ལྡེབས་རིས་མང་པོའི་ཁྲོད་གཅིག་སྡུད་བྱས་པ་དེ་ནི་བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་དམིགས་སུ་ཡོད་པའི་ཁྱད་ཆོས་ཤིག་རེད། གནའ་མིས་དེ་སྤྱད་ནས་ལོ་རྒྱུས་ཟིན་ཐོར་བཀོད་དེ་ཡུན་རིང་རྒྱུན་འཛིན་ཐུབ་པར་བྱས་ཡོད།
བོད་མིའི་འབྱུང་ཁུངས་ནས་སྲོང་བཙན་སྒམ་པོས་ས་མཐོ་གཅིག་གྱུར་བྱས་པ་དང་། བལ་བཟའ་ཁྲི་བཙུན་དང་ཐང་རྒྱལ་རབས་ཀྱི་འུན་ཤིང་ཀོང་ཇོ་ཁབ་ཏུ་བཞེས་པ་སོགས་དུས་ཚོད་ཀྱི་གོ་རིམ་ལྟར་འཁོད་པའི་མུ་འབྲེལ་ལྡེབས་རིས་ཀྱིས་ལྷ་ཁང་ལ་མཛེས་རྒྱན་སྤྲས་པ་དང་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པར་བྱས་ཡོད།
བསམ་ཡས་གཙུག་ལག་ཁང་གི་ལོ་64ལ་སླེབས་པའི་དགེ་འདུན་པ་པ་སངས་ཀྱིས་གསར་འགོད་པར་བཙན་པོའི་རྒྱལ་རབས་ཀྱི་བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱི་སྐོར་བཀོད་པའི་ལྡེབས་རིས་ནང་གི་གཏམ་རྒྱུད་དུམ་བུ་ཞིག་ལྷུག་པོར་གླེང་། བཟོ་བཀོད་དང་ལྡེབས་རིས་ལས་ལོ་རྒྱུས་ཙམ་མ་ཟད། གནའ་མིའི་བསམ་བློ་ཡང་མངོན་གྱི་ཡོད།
ཞ་ལུ་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་དང་པོ་སྐྱེས་ཆེན་བློ་བཟང་རྒྱ་མཚོས་ཡོན་རྒྱལ་རབས་དུས་ཀྱི་ཞ་ལུ་ཁུལ་ནི་ཡོན་གོང་མས་ཆོ་ལོ་གནང་བའི་བོད་ཁྲི་སྐོར་བཅུ་གསུམ་གྱི་གྲས་ཤིག་ཡིན་པ་དང་། ཞ་ལུ་ཁྲི་དཔོན་གྲགས་པ་རྒྱལ་མཚན་གྱིས་ཡོན་རྒྱལ་རབས་ཀྱི་རྒྱལ་ས་ནས་གོང་མ་ཡོན་རེན་ཙུང་དང་མཇལ་འཛོམས་གནང་བས་གསེར་གྱི་འཇའ་ས་དང་གཡང་ཊིའི་ཐམ་ཀ་གནང་བ་དང་དེ་བཞིན་ཞ་ལུ་དགོན་ཉམས་གསོ་བྱེད་པའི་གསེར་སྲང་བརྒྱ་དང་དངུལ་རྟ་རྨིག་མ་ལྔ་བརྒྱ་སོགས་གནང་བ་རེད། “ཡོན་རྒྱལ་རབས་ཀྱི་གོང་མའི་རོགས་རམ་དང་ནང་ས་ནས་གདན་དྲངས་པའི་རྒྱ་རིགས་བཟོ་བོ་མང་པོར་བརྟེན་ནས་སྤྱི་ལོ་1087ལོར་བཞེངས་པའི་ཞ་ལུ་དགོན་དེ་རྒྱ་བོད་སོགས་མི་རིགས་ཁག་གི་བཟོ་བོས་མཉམ་ལས་བྱས་པའི་སྒྱུ་རྩལ་གྱི་ཉིང་བཅུད་དུ་གྱུར་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས། མཐུན་སྒྲིལ་བཅས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད”ཅེས་བཤད།
ལོ་རྒྱུས་ཡུན་རིང་ལྡན་པའི་ཀྲུང་ཧྭའི་ཤེས་དཔལ་མཉམ་འདྲེས་ཀྱི་ལོ་རྒྱུས་རྒྱུན་འཛིན་བྱས་པ།
ཧོ་པེ་ཐང་ཧྲན་ནས་ཡིན་པ་དང་ཀྲུང་གོ་མཛེས་རྩལ་སློབ་གླིང་ནས་ཐོན་པའི“དགུ་བཅུ་ནང་སྐྱེས”ཀྱི་ལི་སི་ཁྲུའུ་ཡིས་བཙུགས་པའི་ཐང་ག་ཚོང་ཁང་དེ་བར་སྐོར་དུ་གནས་ཡོད། “ང་ནི་འདིར་ཡོད་པའི་ཐང་ག་ཚོང་ཁང་གི་རྒྱ་རིགས་སྦྱིན་བདག་ཉུང་ཤས་ཁྲོད་ཀྱི་གྲས་ཤིག་ཡིན། ཚོང་ཁང་ནང་སྲོལ་རྒྱུན་གྱི་བོད་བཟོའི་ཐང་ག་ཕུད་ད་དུང་རང་ཉིད་ཀྱིས་བཞེངས་པའི‘སྤོ་རུང་བའི་དགོན་སྡེའི་ལྡེབས་རིས’ཡོད”ཅེས་ལི་སི་ཁྲུའུ་ཡིས་བཤད།
ཐང་ག་ཚོང་ཁང་དང་བར་ཐག་སྨི་བརྒྱ་ཙམ་ཡོད་པའི་སར“དགུ་བཅུ་ནང་སྐྱེས”ཀྱི་བོད་རིགས་བུ་མོ་ཉི་སྒྲོན་གྱི་བོད་བཟོའི་གྱོན་ཆས་ཚོང་ཁང་དུ་ཡོང་མཁན་ཧ་ཅང་མང་པོ་ཡོད།
དུས་ཐུང་ལོ་ཤས་ནང་ཉི་སྒྲོན་གྱིས་བཏོན་པའི“གྲོང་ཁྱེར་གྱི་འབྲོག་པ”དང“གླིང་ཁ”སོགས་ཀྱི་གྱོན་ཆས་སྤུས་རྟགས་སྣ་ཚོགས་ལས་སྲོལ་རྒྱུན་གྱི་བོད་ཀྱི་རིག་གནས་དང་དེང་རབས་རིག་གནས་ཟུང་འབྲེལ་དང་། སྲོལ་རྒྱུན་གྱི་བོད་ཀྱི་རིག་གནས་བསམ་བཀོད་དང་གཞི་རྒྱུ་བློ་ཁོག་ཆེན་པོས་མངོན་པས་ན་གཞོན་མང་པོ་ཞིག་གིས་ཁོང་གི་གསར་གཏོད་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།
“རིག་གནས་ནི་འགྱུར་ལྡོག་རྩ་བ་ནས་མེད་པ་ཞིག་མིན་པར། གནའ་སྔ་མོ་ནས་བཟུང་ཕན་ཚུན་སྤེལ་རེས་དང་དཔྱད་གཞིར་བཟུང་ནས་དར་བ་ཞིག་ཡིན་པ་དང་ངའི་ངོས་ནས་བརྗོད་ན་དུས་རབས་གསར་པའི་བོད་ཀྱི་རིག་གནས་དང་ཕུལ་བྱུང་གི་བོད་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་དང་དུས་རབས་གསར་པའི་ཤེས་དཔལ་ཟུང་འབྲེལ་གྱི་གསར་གཏོད་མཁན”ཞིག་རེད་ཅེས་ཉི་སྒྲོན་གྱིས་བཤད།
ད་ཆ་གནའ་གྲོང་ལྷ་སར་བསྐྱོད་སྐབས་ཕོ་བྲང་པོ་ཏ་ལའི་གནའ་བོའི་རྡོ་སྐས་དང་། གཙུག་ལག་ཁང་མདུན་གྱི་དབོན་ཞང་རྡོ་རིང་གི་མདུན་དུ། དེང་རབས་ཅན་གྱི་ཐོག་བརྩེགས་ཁང་ཆེན་ནང་སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་ཕུན་སུམ་ཚོགས་པོ་དང་། དད་མོས་དང་སྲོལ་རྒྱུན་ཞི་མཐུན་མཉམ་འདྲེས་བྱུང་བ་མཐོང་ཐུབ། མི་རྣམས་ཀྱིས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བའི་ཆེད་དུ་འབད་བརྩོན་བྱེད་པའི་རྣམ་པ་ནི་གནའ་གྲོང་གི་མི་ཆོས་ཀྱི་མཛེས་ལྗོངས་ཡག་ཤོས་སུ་གྱུར་ཡོད།