ཉེ་ཆར་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་ཞི་གཞོན་པ་ཏོན་ཧྲེང་ཆན་གྱིས་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱོད་ཚུལ་སྔར་བས་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་བླང་བྱ་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་ཇི་ལྟར་བྱས་ནས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་ཐད་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱས་པ་རེད།
ཏོན་ཧྲེང་ཆན་གྱིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་ལྟར། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་ཁྲོད་སྤྱོད་ཚུལ་སྔར་བས་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་དོན་སྤེལ་རྒྱུའི་གཏན་འཁེལ་བྱས་པ་དང་དེ་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཡིན་པ་དང“དོན་ཆེན་བཞིར”དམ་འཛིན་ནན་པོ་དང“འགན་ལེན་བཞི”མངོན་འགྱུར་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཤིག་ཡིན་པ་དེ་ཐོག་ནས་སྐབས་གསར་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་མིག་ལྟོས་དང་ཏང་ཀྲུང་དབྱང་ལ་མིག་ལྟོས་མཐའ་གཅིག་ཏུ་བྱེད་པ་དང་། བློ་གཅིག་སེམས་གཅིག་ངང་འཕེལ་རྒྱས་དོན་གཉེར། བློ་རྩེ་གཅིག་སྒྲིམ་ངང་དོན་འཁྱོལ་ལ་དམ་འཛིན་བཅས་བྱེད་པའི་ཡིད་ཆེས་དང་ཆོད་སེམས་གང་ལེགས་མཚོན་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དད་སེམས་བརྟན་པོ་དང་ལྷག་བསམ་རྣམ་དག་ལ་སྣང་ཆེན་གྱི་ཆབ་སྲིད་ཀྱི་ངེས་ཤུགས་དང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཆབ་སྲིད་ཀྱི་བརྩེ་སེམས། ཚུལ་མིན་སྤྱོད་ཚུལ་ལ་རྡུང་རྡེག་གཏོང་བའི་ཆབ་སྲིད་ཀྱི་ཆོད་སེམས། བློ་གཅིག་སེམས་གཅིག་གིས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ཆབ་སྲིད་ཀྱི་རྣམ་འགྱུར། བློ་སྟོབས་གཅིག་སྒྲིལ་གྱིས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི། བཟང་བསྟོད་ངན་སྨད་ཀྱིས་སྲོལ་གསར་གཏོད་པའི་ཆབ་སྲིད་ཀྱི་རྣམ་པ་བཅས་གང་ལེགས་མངོན་ཡོད་ཅེས་བརྗོད་པ་རེད།
ཏོན་ཧྲེང་ཆན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལྟར། རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་གཏིང་ཟབ་སྤེལ་བ་བརྒྱུད། སྤྱོད་ཚུལ་བཟང་པོ་སྔར་བས་དར་སྤེལ་བཏང་ནས་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་གོང་འོག་ཚང་མར་དངོས་འཛིན་དངོས་སྒྲུབ་ཀྱི་གོམས་སྲོལ་བཟང་པོ་ཆགས་པར་སྐུལ་འདེད་བཏང་བ་དང་། “སྤྱོད་ཚུལ་བཞི”དང་ལྷག་པར་དུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་སྤྱོད་ཚུལ་རྒྱ་ཡན་དུ་འགྲོ་རྒྱུ་མཐའ་གཅིག་ཏུ་གཏན་འགོག་དང་འགན་འཁྲི་མི་འཁུར་བ་དང་། དགོས་པའི་ལས་མི་བྱེད་དང་མི་དགོས་པའི་ལས་རྙོག་བཟོ་བ། བྱས་རྗེས་འཇོག་འགོར་བ་སོགས་ཀྱི་ཚུལ་མིན་བྱ་སྤྱོད་མཐའ་གཅིག་ཏུ་ཡོ་བསྲང་བྱས་ཏེ་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་སྤྱོད་ཚུལ་མངོན་གསལ་དོད་པོས་ལེགས་སུ་གཏོང་བ་དང་། ཞབས་ཞུའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་བ། ལས་ཕྱོད་མངོན་གསལ་དོད་པོས་ཆེ་རུ་གཏོང་བ་བཅས་ལ་འགན་ལེན་དང་། རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཡོན་ལས་བྱེད་པའི་ལས་ཀའི་སྤྱོད་ཚུལ་རྒྱུན་མཐུད་ངང་ལེགས་སུ་འགྲོ་བ་དང་། འགན་འཁྲིའི་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་འགྲོ་བ། ལག་བསྟར་དོན་འཁྱོལ་དེ་བས་ནུས་ལྡན་ཐུབ་པ་བཅས་ལ་འགན་ལེན། རིག་རྩལ་བྱེད་སྒོ་སྔར་བས་ཕུན་སུམ་ཚོགས་སུ་དང་། རིག་རྩལ་གསར་རྩོམ་སྔར་བས་དར་རྒྱས། རིག་རྩལ་ལ་བརྟེན་ནས་མཐའ་མཚམས་ཀྱི་རིག་གནས་འཚོ་བ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། རིག་རྩལ་ལ་བརྟེན་ནས་དམངས་ལ་ཕན་པ་གཏིང་ཟབ་སྐྲུན་པ་བཅས་ལ་འགན་ལེན་བྱས་ཡོད་ཅེས་བརྗོད་པ་རེད།
ཏོན་ཧྲེང་ཆན་གྱིས་བརྗོད་དོན། སླད་ཕྱིན་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཏང་ཙུའུ་ཡིས་གཤམ་གསལ་གྱི་བྱེད་ཐབས་སྤྱད་དེ་ལྗོངས་ཡོངས་ཀྱི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་འབྲེལ་ཡོད་ལས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་ཡིན་པ་སྟེ།
གཅིག་ནས་སློབ་སྦྱོང་དང་སློབ་གསོར་ཤུགས་སྣོན་རྒྱག་པ། རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་དང་ཏང་ཡོན་ལས་བྱེད་པ་ཡོངས་སྒྲིག་འཛུགས་བྱས་ཏེ་ཏང་གི་སྒྲིག་ཡིག་དང་། 《ཀྲུང་གོ་གུང་ཁྲན་ཏང་གི་སྤྱོད་གཙང་རང་འདོམས་ཚད་གཞི》 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སོགས་ཏང་གི་སྒྲིག་སྲོལ་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་གཏིང་ཟབ་བྱས་ནས་སྒྲིག་ཁྲིམས་དང་སྒྲིག་ལམ་གྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་སྟེ་རུལ་རྒོལ་འགྱུར་འགོག་གི་བསམ་བློའི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་རྒྱུ་ཡིན་པ་དང་།
གཉིས་ནས་གནད་དོན་བཙལ་འཚོལ་གཏིང་ཟབ་བྱེད་པ། ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁྲུའུ་ཁག་དང་། མཐུན་ཚོགས་ཁག ཏང་ཡོན་ལས་བྱེད་པ་བཅས་སྒྲིག་འཛུགས་བྱས་ནས“ཞིབ་བཤེར་བཞི་དང་འདྲི་རྩད་བཞི”བརྗོད་དོན་གཙོ་བོར་བྱེད་པའི“སྤྱོད་ཚུལ་ལ་ཇི་ལྟར་ལྟ་བ་དང་ལས་དོན་ཇི་ལྟར་སྒྲུབ་པའི”གྲོས་བསྡུར་ཆེ་མོ་རྒྱ་ཁྱབ་ངང་སྤེལ་བ་དང་། ཏང་ཙུའི་འགོ་ཁྲིད་ཀྱིས་ཏང་ཡོན་དཀྱུས་མའི་ངོས་ནས་རང་ཉིད་ཁོངས་གཏོགས་ཀྱི་ཀྲི་པུའུ་ཡི་བགྲོ་གླེང་ལ་ཞུགས་པ། ཚད་གཞིའི་ཐོག“ངེས་པར་དུ་བརྒྱད”དང“དཔེ་སྟོན་དྲུག”གི་བླང་བྱ་དང་ཡང་ཡང་བསྡུར་བ། “ཞིབ་བཤེར་བཞི་དང་འདྲི་རྩད་བཞིར”དམིགས་ནས་རང་ངོས་ཀྱི་ཞན་ཆ་བཤེར་འདོན་གཏིང་ཟབ་དང་ལས་ཀའི་ཞན་ཆ་འཚོལ་བཤེར་གཏིང་ཟབ་བྱ་རྒྱུ་ཡིན་པ།
གསུམ་ནས་དག་ཐེར་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་པ། འཚོལ་བཤེར་ཐུབ་པའི་གནད་དོན་ལ་གཞིགས་ནས་དག་ཐེར་ཡག་པོ་བྱས་ཏེ་འགོ་བརྩམས་མ་ཐག་ནས་ཡོ་བསྲང་བྱ་རྒྱུ་མཐའ་འཁྱོངས་ཀྱིས་འཕྲལ་མར་ཞིབ་བཤེར་དང་འཕྲལ་མར་ཡོ་བསྲང་དང་། ཡོ་བསྲང་བྱེད་དགོས་རིགས་ཚང་མ་ཡོ་བསྲང་བྱེད་པ་དང་། འཚོལ་བཤེར་ཐུབ་པའི་གནད་དོན་དག་ཐེར་དང་འགན་འཁྲིའི་གསལ་ཐོ་བཟོས་ཏེ་འཚོལ་བཤེར་ཐུབ་པའི་གནད་དོན་ལ་ཁྱོན་ཡོངས་ནས་དག་ཐེར་དོན་འཁྱོལ་ཡོང་བའི་འགན་ལེན་ཏན་ཏིག་བྱ་རྒྱུ་ཡིན་པ།
བཞི་ནས་གཙོ་གནད་ལས་དོན་ལ་དམ་འཛིན་ཏན་ཏིག་བྱེད་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་ལྟར། བོད་ལྗོངས་ཇོ་མོ་གླང་མའི་པར་ལེན་འགྲེམས་སྟོན་ཆེ་མོ་སྐབས་བཅོ་ལྔ་པ་དང་། “མཐོང་གྲོལ”བོད་ཀྱི་རྩེར་སོན་ཐང་གའི་འགྲེམས་སྟོན་སྐབས་བརྒྱད་པ། 《བོད་ཀྱི་རྩོམ་རིག》སློབ་གྲྭར་ཁྱབ་གདལ་གཏོང་བའི“རིག་གནས་སྔོག་འདོན་བུམ་པའི”རྩོམ་བསྡུའི་འགྲན་བསྡུར་ཆེ་མོ་སྐབས་བརྒྱད་པ། 《མཁའ་དབྱིངས་ཀྱི་བོད་ལྗོངས——ངའི་རི་མོ་དང་ཁྱེད་ཀྱི་སྙན་ངག》ཅེས་པའི་རི་མོ་དང་སྙན་ངག་ཕྱོགས་བསྒྲིགས་དཔེ་སྐྲུན་བྱ་རྒྱུ། བོད་ཀྱི“ཇོ་མོ་གླང་མའི་རྩོམ་རིག་སྒྱུ་རྩལ་བྱ་དགའ”སྤྲོད་པའི་དཔྱད་བསྡུར་བྱེད་སྒོ་སྐབས་བདུན་པ་དང་གློག་བརྙན《ཀ་ལ་གྲོང་ཚོའི་བདེ་སྐྱིད་འཚོ་བ》ཞེས་པའི་བརྙན་ཕབ་གསར་རྩོམ་ལེགས་སྒྲུབ་དང“གསར་བརྗེའི་ཧྲག་བསྡུས་རིག་རྩལ་ཚོགས་པ”གཤམ་སྐྱོད་འཁྲབ་སྟོན་སྒྲིག་འཛུགས་བྱ་རྒྱུ་ཡིན་པ།
ལྔ་ནས་ལྟ་སྐུལ་དང་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ། ཆེད་དམིགས་ལྟ་སྐུལ་ཞིབ་བཤེར་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་དང་ཀྲུའུ་ཞི་ཚོགས་པའི་བཀོད་སྒྲིག་དང་། ཚོགས་འདུའི་ཞིབ་འཇུག་དོན་གནད། གཙོ་གནད་ལས་འགན་སོགས་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པ་དང་སྡེ་ཚན་ཁག་དང་། མཐུན་ཚོགས་ཁག ཀྲི་པུའུ་ཁག་བཅས་ཀྱིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྤེལ་ཚུལ་ལ་ཞིབ་བཤེར་དང་། ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཏང་ཙུའུ་ཡིས་ལོ་སྟོད་དུ་བཟོས་པའི་ལས་འགན་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར། ལྟ་སྐུལ་ཞིབ་བཤེར་ལས་དོན་གྱི་གསལ་ཐོ་དང་ལས་དོན་སྤེལ་རིང་ཞིབ་བཤེར་དང་ལས་ཀའི་ལས་འགན་ལེགས་སྒྲུབ་ཀྱི་ལམ་ལུགས་བཙུགས་ནས་ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་ཡིན་པ་རེད།