“ལྷ་མོ་གྲོང་གསེབ་ཏུ་དར་སྤེལ”བཏང་བས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ།
2021ལོའི་ཟླ་7ཚེས་14ཉིན་གྱི་སྔ་དྲོ། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་ཁྲང་དཀར་གྲོང་ཚོའི་གྲོང་མི་རྣམས་ཕྱོགས་བཞི་མཚམས་བརྒྱད་ནས་གྲོང་ཚོ་ཨུ་ལྷན་གྱི་རིག་གནས་ལུས་རྩལ་ཐང་ཆེན་ཐོག་མཉམ་དུ་འཛོམས། ལྷ་མོར་དགའ་པོ་ཡོད་མཁན་མི་ཉུང་བ་ཞིག་གིས་སྔ་ས་ནས་བསྡད་ས་བཟུང་ཡོད་པ་རེད། རྒྱལ་ཁབ་རིམ་པའི་སྤུན་བདུན་འབག་དཀར་ལྷ་མོའི་རྒྱུན་འཛིན་པ་པད་མས་འཁྲབ་ཆས་བརྗེས་ཏེ་གྲ་སྒྲིག་ཨང་བསར་གྱིས་ཡུ་རིང་ལྤགས་རྔའི་རྔ་ཚིགས་དང་སྦུག་ཆལ་རྡུང་མ་ཐག་པད་མས་གོམ་སྟབས་དལ་པོས་གར་སྟེགས་ཀྱི་དབུས་སུ་བསྐྱོད་དེ་ལྷ་མོ་འཁྲབ་མཁན་གཞན་དག་དང་མཉམ་དུ་ལྷ་མོ་འཁྲབ་འགོ་བརྩམས། ཁྱིམ་གྱི་སྒོ་འགྲམ་ནས་ལྷ་མོ་ལྟ་ཐུབ་པ་བྱུང་བས་ཁྲང་དཀར་གྲོང་ཚོའི་གྲོང་མི་རྣམས་ཧ་ཅང་དགའ་པོ་བྱུང་སྟེ་ཚང་མས་བློ་རྩེ་གཅིག་སྒྲིམ་གྱིས་ལྷ་མོའི་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་མྱོང་རོལ་བྱས།
དེ་ནི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གིས་སྤེལ་བའི“ལྷ་མོ་གྲོང་གསེབ་ཏུ་དར་སྤེལ་གཏོང་བའི”བྱེད་སྒོའི་ཁྲོད་ཀྱི་གྲས་ཤིག་རེད། ལྷོ་ཁ་གྲོང་ཁྱེར་གྱི“ལྷ་མོ་གྲོང་གསེབ་ཏུ་དར་སྤེལ་གཏོང་བའི”སྔོན་སྐྱོད་པ་ཞིག་ཡིན་པའི་འཕྱོངས་རྒྱས་རྫོང་དུ་འདི་ལོ་ལྷ་མོ་གྲོང་གསེབ་ཏུ་དར་སྤེལ་གཏོང་རྒྱུ་ཁྱོན་ཡོངས་ལ་ཁྱབ་ཡོད་པ་རེད།
ལྷ་མོ་གྲོང་གསེབ་ཏུ་འཁྲབ་སྟོན་བྱས་ཏེ་འཁྲབ་སྟོན་དང་དམངས་གཞས་འཚོལ་བསྡུ་གཉིས་ཀར་འཐུས་མ་ཤོར་བ་བྱས་པ།
ལོ་73ལ་སླེབས་པའི་དབྱངས་སྐྱིད་སྒྲོལ་མ་ནི་ཁྲང་དཀར་གྲོང་ཚོའི་གྲོང་མི་ཡིན་ཞིང་། ཁོང་གིས་ལྷ་མོ་འཁྲབ་སྟོན་རུ་ཁག་གྲོང་ཚོར་ཡོང་གི་ཡོད་པ་གོ་ཐོས་བྱུང་རྗེས་བུ་མོར་འཁོར་གསུམ་རླངས་འཁོར་ནང་རང་ཉིད་འཁྲབ་སྟོན་བྱ་ཡུལ་དུ་སྐྱེལ་དུ་བཅུག ཁོང་གིས“ལྷ་མོས་རོལ་རྩེད་ཀྱི་ཞོར་ལ་སློབ་གསོ་ཐེབས་པས་ང་རང་ཆུང་དུས་ནས་ཧ་ཅང་དགའ་པོ་ཡོད། འཁྲབ་སྟོན་བྱ་ཡུལ་དངོས་ནས་ལྷ་མོ་ལྟ་རྒྱུ་བྱུང་བས་ཧ་ཅང་དགའ་པོ་འདུག སྲིད་གཞུང་གིས་དངུལ་བཏང་ནས་ང་ཚོར་ལྷ་མོ་ལྟ་རྒྱུ་བྱུང་སྟབས་འཁྲབ་སྟོན་རུ་ཁག་རྟག་ཏུ་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད།
“མི་སེར་གྱིས་ལྷ་མོར་བཅངས་པའི་སྤྲོ་སེམས་ཆེན་པོ་འདུག་པས་ང་ཚོར་ལྕག་སྐུལ་ཆེན་པོ་ཐེབས་བྱུང་ལ་གྲུབ་འབྲས་ཀྱང་ཆེན་པོ་ཐོབ་པའི་མྱོང་ཚོར་འདུག”ཅེས་འཕྱོངས་རྒྱས་རྫོང་རིག་གནས་ཅུས་ཀྱི་ཅུས་ཀྲང་གཞོན་པ་བསྟན་འཛིན་སྒྲོལ་མས་བཤད།
མང་ཚོགས་ཀྱི་སྤྲོ་སེམས་དེ་འཁྲབ་སྟོན་པ་ཚོས་སྟོང་ཟད་དུ་གཏོང་མི་ཕོད། འཁྲབ་སྟོན་རུ་ཁག་གི་རུ་དཔོན་ཡུ་རིང་ལྤགས་རྔ་རྡུང་མཁན་དོན་གྲུབ་ཚེ་རིང་གི་པཱ་ལགས་ཕོ་རྒྱུའི་ནད་ཀྱིས་རྐྱེན་པས་སྨན་ཁང་དུ་བསྡད་མོད། འོན་ཀྱང་ཁོང་གིས་འཁྲབ་སྟོན་ལ་འཐུས་ཤོར་གཏན་ནས་བཏང་མེད། “ངའི་པཱ་ལགས་ཀྱང་རྒྱལ་ཁབ་རིམ་པའི་སྤུན་བདུན་ལྷ་མོའི་རྒྱུན་འཛིན་པ་ཞིག་ཡིན་པས་ཁོང་གིས་མང་ཚོགས་ལ་འཁྲབ་སྟོན་བྱ་རྒྱུ་དེ་ནི་དོན་ཆེན་ཞིག་ཡིན་སྟབས་ངར་ནད་གཡོག་རྒྱུག་མི་དགོས་ཞེས་གསུངས་ཀྱི་འདུག”ཅེས་བཤད།
བསྟན་འཛིན་སྒྲོལ་མས“གྲོང་གསེབ་ཏུ་ལྷ་མོ་འཁྲབ་སྟོན་བྱས་ནས་མང་ཚོགས་ལ་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་བཤམས་པ་མ་ཟད། ད་དུང་འཁྲབ་སྟོན་མི་སྣར་གཞི་རིམ་གྱི་འཐབ་ཕྱོགས་དང་པོ་ནས་ཚོར་སྣང་དེ་བས་མང་བ་བྱུང་ཡོད། གྲོང་གསེབ་ཏུ་ལྷ་མོ་དར་སྤེལ་གཏོང་རྒྱུ་གོ་སྐབས་སུ་བྱས་ནས་འཁྲབ་སྟོན་པ་ཚོས་གསོན་ཉམས་དོད་པའི་གཏམ་རྒྱུད་མང་པོ་ཞིག་འཚོལ་བསྡུ་བྱས་ཏེ《འབྱོར་འབྲིང་ལམ་བུ》དང་། 《དུས་རབས་གསར་པའི་རྣམ་པ་གསར་པ》《ཏང་གི་བཀའ་དྲིན་ལ་བསྟོད་གླུ་ཕུལ》 《འཕྱོངས་རྒྱས་ཀྱི་འཕོ་འགྱུར་ཆེན་པོ》སོགས་ལེ་ཚན་གསར་གཏོད་བྱས་པར་མི་སེར་གྱི་དགའ་བསུ་ཆེན་པོ་ཐོབ་ཡོད”ཅེས་བཤད། མིག་སྔའི་བར་འཕྱོངས་རྒྱས་རྫོང་གིས་རྫོང་དང་། ཤང་། གྲོང་ཚོ་བཅས་སུ་རིག་རྩལ་འཁྲབ་སྟོན་སྣ་ཚོགས་ཐེངས་50ཙམ་བྱས་པ་རེད།
ཞིང་ས་གཤིན་པོར་རྒྱུན་འཛིན་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་པ།
2006ལོར་སྤུན་བདུན་འབག་དཀར་ལྷ་མོ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་མིང་གཞུང་ནང་བཅུག་པ་དང་པད་མ་སྤུན་བདུན་འབག་དཀར་ལྷ་མོའི་རྒྱུན་འཛིན་པའི་གྲས་སུ་གྱུར་ཡོད།
ལོ་18ལ་སླེབས་སྐབས་གྲོང་ཚོའི་རྒན་རྒོན་ཚོའི་ས་ནས་ལྷ་མོ་སྦྱོང་མྱོང་བའི་པད་མས་ལོ་40ལྷག་ཙམ་ལྷ་མོ་འཁྲབ་པ་རེད། སྤུན་བདུན་འབག་དཀར་ལྷ་མོ་ཁྱབ་གདལ་གཏོང་ཆེད། པད་མས་ལྷ་མོའི་རྒྱུན་འཛིན་པ་རྒན་རབས་ཚོའི་ས་ནས་རྒྱུན་འཛིན་གྱི་འགན་འཁྲི་ལྕི་པོ་འཁུར་བ་དང་ཉེ་འགྲམ་གྱི་མི་རྣམས་ཀྱི་སྣེ་ཁྲིད་དེ་དཀའ་སྤྱད་སྦྱོང་བརྡར་བྱས་ནས་འཕྱོངས་རྒྱས་རྫོང་ཁ་བྲོ་བཀྲ་ཤིས་སྤུན་བདུན་ལྷ་མོ་རུ་ཁག་བཙུགས་པ་རེད།
ལོ་བཅུའི་རིང་ཁོང་ཚོའི་དཔུང་ཁག་དེ་སྔའི་མི་14ནས་ད་ཆའི་མི་28བར་འཕེལ་རྒྱས་བྱུང་བ་དང་འཕྱོངས་རྒྱས་རྫོང་གི་ཤང་དང་གྲོང་རྡལ་ཁག་ཏུ་ལྷ་མོ་འཁྲབ་སྟོན་བྱེད་པ་མ་ཟད། ལོ་ལྟར་ད་དུང་ལྷོ་ཁ་གྲོང་ཁྱེར་དང་རང་སྐྱོང་ལྗོངས་དང་དེ་བཞིན་ལྗོངས་ཕྱིའི་འཁྲབ་སྟོན་བྱེད་སྒོ་ཆེ་གྲས་ལ་ཞུགས་ནས་སྲོལ་རྒྱུན་གྱི་ལྷ་མོའི་རིག་གནས་དར་སྤེལ་ཧུར་ཐག་བཏང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། འཕྱོངས་རྒྱས་རྫོང་གིས་ཕྱོགས་ཁག་གི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་ཞིང་འབྲོག་ཁུལ་གྱི་དམངས་ཁྲོད་ལྷ་མོ་འཁྲབ་སྟོན་ཚོགས་པ་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་དང་ལྕག་སྐུལ་བྱས་ཏེ“གྲོང་གསེབ་ཏུ་ལྷ་མོ་དར་སྤེལ་གཏོང་རྒྱུ”དེ་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་ནང་བཅུག་ནས་ལྷ་མོའི་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ་སྣ་ཚོགས་དེའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་སྟེ་མང་ཚོགས་ཀྱི་རིག་གནས་འཚོ་བ་དེ་བས་ཕུན་སུམ་ཚོགས་སུ་བཏང་བ་རེད།
འཁྲབ་སྟོན་བྱས་པ་ནས་རྩ་བ་ཚུགས་པའི་བར་འཕེལ་རྒྱས་ཀྱི་ནང་ངོས་སྟོབས་ཤུགས་ཆེ་རུ་ཕྱིན་པ།
འཕྱོངས་རྒྱས་རྫོང་ལ་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཞིང་ས་གཤིན་པོ་ཞིག་ཡོད་ཅིང་། མི་རིགས་ཀྱི་ཕུལ་བྱུང་གྱོན་ཆས་དང་། མངོན་མིན་རིག་གནས་ཤུལ་བཞག་གི་སྲོལ་རྒྱུན་བཟོ་རྩལ་ཐོན་རྫས། སྲོལ་རྒྱུན་ཞབས་བྲོ། སྲོལ་རྒྱུན་རོལ་དབྱངས། སྲོལ་རྒྱུན་གྱི་ཆང་གི་རིག་གནས་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་སྣ་ཚོགས་ཡོད་པའི་ནང་སྤུན་བདུན་འབག་དཀར་ལྷ་མོ་དང་འཇུ་བྲོ་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རེད།
“གྲོང་གསེབ་ཏུ་ལྷ་མོ་འཁྲབ་སྟོན་བྱས་པ་ཙམ་གྱིས་མི་འགྲིག་པར་ས་གནས་དེ་གའི་རིག་རྩལ་ཤེས་ལྡན་པ་གསོ་སྐྱོང་བྱེད་པར་སྣང་ཆེན་བྱས་ཚེ་ལྷ་མོའི་རྩ་བ་གཞི་ནས་གྲོང་གསེབ་ཏུ་བརྟན་པོ་ཚུགས་ཐུབ”ཅེས་འཕྱོངས་རྒྱས་རྫོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པས་བཤད།
ཇི་ལྟར་བྱས་ཏེ་གྲོང་གསེབ་ཏུ་ལྷ་མོ་ཁྱབ་གདལ་བཏང་ནས་འཁྲབ་སྟོན་བྱེད་པ་ནས་རྩ་བ་ཚུགས་པའི་བར་ལྷ་མོ་འཕེལ་རྒྱས་དང་རྒྱུན་འཛིན་གྱི་ནང་ངོས་སྟོབས་ཤུགས་ཆེ་རུ་གཏོང་དགོས་སམ།
“མང་ཚོགས་ལ་འཁྲབ་སྟོན་བྱེད་པ་དང་དུས་མཚུངས། ང་ཚོས་རྫོང་གི་ཆེད་ལས་སྒྱུ་རྩལ་ཚོགས་པས་མང་ཚོགས་ཀྱི་ལྷ་མོ་ཚོགས་པ་དང‘ཆ་སྒྲིག་གིས་རིག་གནས་དར་སྤེལ་གཏོང་བའི’བྱེད་སྒོ་སྤེལ་དུ་བཅུག་སྟེ། ཞིང་འབྲོག་ཁུལ་གྱི་རིག་རྩལ་ཤེས་ལྡན་མི་སྣར་བརྒྱུད་རོགས་ཁྲིད་གསུམ་བྱས་ནས་ཁོང་ཚོའི་འཁྲབ་སྟོན་གྱི་འཇོན་ཐང་ཆེ་རུ་དང་གསར་རྩོམ་གྱི་ཆུ་ཚད་མཐོ་རུ་གཏོང་རོགས་བྱས་ཡོད”ཅེས་བསྟན་འཛིན་སྒྲོལ་མས་བཤད།
རྫོང་རིག་གནས་ཅུས་ཀྱིས་ལག་བསྟར་བྱས་པའི“ཆ་བསྒྲིགས་ནས་རིག་གནས་དར་སྤེལ་གཏོང་བའི”བྱེད་སྒོ་ལས་འཕྱོངས་རྒྱས་རྫོང་གི་ཤང་དང་གྲོང་རྡལ་4ཡི་གྲོང་ཚོ་རིམ་པའི་རིག་རྩལ་དྲིལ་བསྒྲགས་རུ་ཁག་20ལ་ཆེད་ལས་དགེ་རྒན་གྱི་མཛུབ་ཁྲིད་བྱས་ཡོད་པ་རེད།
ཡེ་ཤེས་སྒྲོལ་མ་ནི་རྫོང་རིག་གནས་ཅུས་ཀྱིས་རྒྱལ་སྨན་ཤང་ཁྲང་དཀར་གྲོང་ཚོའི་རིག་རྩལ་དྲིལ་བསྒྲགས་འཁྲབ་སྟོན་རུ་ཁག་ལ་མཛུབ་ཁྲིད་བྱེད་པར་མངགས་པའི་དགེ་རྒན་ཞིག་རེད། ཁོང་གིས་གཞི་རྩའི་རྩལ་ནུས་དང་། རུ་མི་ཚོའི་གཟུགས་པོའི་ཉམས་འགྱུར། ལྷ་མོ་འཁྲབ་རྩལ་བཅས་ནས་འགོ་བཙུགས་ཏེ་མང་ཚོགས་ཀྱི་འཁྲབ་སྟོན་སྒྱུ་རྩལ་གྱི་ཚོར་ཤེས་དང་གར་སྟེགས་སྟེང་འཁྲབ་སྟོན་བྱེད་པའི་འཇོན་ཐང་རིམ་བཞིན་གསོ་སྐྱོང་བྱས་ཡོད།
ལོ་གཅིག་ཙམ་གྱི་སློབ་སྦྱོང་བརྒྱུད་ཁྲང་དཀར་གྲོང་ཚོའི་རིག་རྩལ་དྲིལ་བསྒྲགས་འཁྲབ་སྟོན་རུ་ཁག་གི་འཁྲབ་སྟོན་པ་ཚེ་རིང་ཆོས་སྒྲོན་གྱིས་ལྷ་མོ་ཡག་པོ་འཁྲབ་ཐུབ་ཅིང་། ཁོང་གིས“ད་ཆ་མང་ཚོགས་ཀྱིས་ག་དུས་ཡིན་རུང་ང་ཚོའི་འཁྲབ་སྟོན་ལྟ་ཐུབ་པས་ཐག་རིང་རྫོང་གྲོང་དུ་འཁྲབ་སྟོན་ལྟ་བར་འགྲོ་དགོས་ཀྱི་མེད”ཅེས་བཤད།