དབུ་ཤོག>བོད་ཀྱི་རིག་གནས།
  • རིན་སྤུངས་རྒྱལ་མཁར་ལྷ་མོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-11-20

    p41_s.jpg

     རིན་སྤུངས་རྒྱལ་མཁར་ལྷ་མོ་ཚོགས་པའི་འཁྲབ་སྟོན་པའི་མཉམ་པར།

    ཕན་ཐོགས་དང་འཕྲད་དུས། ཁོང་གིས་ཁྱིམ་དུ་ལྷ་མོ་ཆོས་རྒྱལ་ནོར་བཟང་འཁྲབ་གོས་དང་འབག་གྲ་སྒྲིག་བྱེད་བཞིན་པའི་སྒང་རེད། ཕན་ཐོགས་ཀྱི་ཁྱིམ་ནི་རིན་སྤུངས་རྫོང་རིན་སྤུངས་ཤང་རྒྱལ་མཁར་ཆོས་རྫོང་དུ་ཡོད་པ་དང་། དེ་ནི་བོད་ཀྱི་ལྷ་མོའི་འཁྲབ་གཞུང་གི་ལུགས་གལ་ཆེན་རྒྱལ་མཁར་ལྷ་མོ་དར་ཡུལ་རེད།

    ལྷ་མོ་ནི་དུས་རབས་8པའི་སྐབས་སུ་དར་བ་དང་། དུས་རབས་17པར་དགོན་སྡེའི་ཆོས་ལུགས་ཀྱི་ཆོ་ག་ནས་གྱེས་ཏེ་རིམ་བཞིན་གྱེར་འདོན་གཙོ་བོར་བྱས་པའི་གཞས་གཏོང་བ་དང་། གྱེར་འདོན་བྱེད་པ། ཞབས་བྲོ་འཁྲབ་པ། ཡང་རྩལ་འདོན་པ་སོགས་གཞི་རྩའི་གོ་རིམ་ཟུང་འབྲེལ་གྱི་འཚོ་བ་མཚོན་པའི་འཁྲབ་སྟོན་ཞིག་ཏུ་གྱུར་ནས་བོད་ཀྱི་རིག་གནས་ཀྱི་འགྱུར་རྡོ་གསོན་པོ་ཞེས་གྲགས། རྒྱལ་མཁར་ལྷ་མོ་ཐོག་མར་མིང་རྒྱལ་རབས་དུས་ཀྱི་ཕག་གྲུའི་སྲིད་དབང་སྐབས་སུ་དར་བ་དང་། དེ་དུས་དཔལ་ལྡན་རྒྱལ་མཁར་ཆོས་རྫོང་ཞེས་འབོད་པ་དང་དེ་ལྟར་འབོད་དོན་ཡང་ལྷ་མོ་དེ་ད་ཆའི་རིན་སྤུངས་རྫོང་རིན་སྤུངས་ཤང་རྒྱལ་མཁར་ཆོས་རྫོང་ནས་དར་བས་རེད། རྒྱལ་མཁར་ལྷ་མོ་འཁྲབ་སྐབས་འབག་མང་པོ་གྱོན་དགོས་པ་དང་ལྷ་མོའི་འགྱུར་ཁུག་མཐོ་ལ་རིང་བ་དང་གནའ་ཉམས་དོད་ཅིང་སྟངས་སྟབས་མཛེས་ལ་དབྱངས་འགྲོས་རིང་བས་ལས་རིགས་ཁག་གི་མི་རྣམས་ཀྱིས་དགའ་པོ་དང་བསྔགས་བརྗོད་བྱེད་ཀྱི་ཡོད། དེའི་ནང《ཆོས་རྒྱལ་ནོར་བཟང》དང་། 《སྣང་ས་འོད་འབུམ》 《རྒྱ་བཟའ་བལ་བཟའ》བཅས་གཙོ་བོར་འཁྲབ་ཅིང་དེ་དག་ལས《ཆོས་རྒྱལ་ནོར་བཟང》སྐད་གྲགས་ཧ་ཅང་ཆེ།

    ཕན་ཐོགས་ཁྱིམ་ནས་ཐོན་སྐབས་གྲོང་ཚོའི་ལྷ་མོ་འཁྲབ་སྟོན་རུ་ཁག་གི་བསྟན་འཛིན་དང་། རྡོ་རྗེ། ཉི་མ་སོགས་གྲོང་ཚོ་ཨུ་ལྷན་ཕྱི་རོལ་གྱི་ས་སྟོང་དུ་ལྷ་མོའི་འཁྲབ་ཆས་དང་འབག་གྱོན་ནས་ལྷ་མོ་འཁྲབ་རྒྱུར་བསྒུགས་ནས་བསྡད་ཡོད། སྟོན་ལས་ཀྱི་སྐབས་དང་འཁེལ་བས་ལས་ལ་བྲེལ་བའི་ཡུལ་མི་ཚོ་ལྷ་མོ་ལྟ་བར་ཡོང་ཁོམ་མེད་པས་ལྟད་མོ་ལྟ་མཁན་ཧ་ཅང་ཉུང་མོད། ཡིན་ནའང་རྔ་དང་སྦུག་གི་སྒྲ་གྲགས་མ་ཐག་ཕན་ཐོགས་དང་ལྷ་མོ་འཁྲབ་མཁན་གཞན་ཚོས་སྐད་གསང་མཐོན་པོས་རྣམ་ཐར་བླངས་ནས་ལྷ་མོ་འཁྲབ་འགོ་ཚུགས། ཚོན་མདངས་རྣམ་པར་བཀྲ་བའི་གྱོན་ཆས་དང་། དྲག་ལྷོད་རན་པའི་རྔ་སྒྲ། མཛེས་པའི་སྟངས་སྟབས། མཐོ་ཞིང་བརྗིད་པའི་འགྱུར་ཁུག་བཅས་ཀྱིས་རི་ཁུལ་དེ་རེ་ཞིག་འཁྲུག་ཆ་དོད་པོར་གྱུར། སེམས་གཏིང་ནས་ལྷ་མོར་དགའ་བའི་ཞིང་པ་ཚོས་ལག་གི་ལས་ཀ་བཞག་སྟེ་ཆང་ངམ་ཡང་ན་ཇ་སྲུབས་མ་ཁྱེར་ནས་རི་ལམ་བརྒྱུད་མི་གཉིས་རེ་གསུམ་རེ་བྱས་ནས་ལྷ་མོ་ལྟ་བར་ཡོང་བ་དང་། ཁག་གཅིག་གཡུལ་ཁའི་སྟེང་ལ་འཛེགས་ནས་མགོ་བོ་མཐོན་པོར་བཀྱགས་ཏེ་ཁུ་སིམ་པོའི་ངང་ལྷ་མོའི་འཁྲབ་སྟོན་ལ་ལྟ་བཞིན་མཆིས།

    རྒྱལ་མཁར་ལྷ་མོའི་འབག་སྔོན་གྱོན་པ་ནས་བཟུང་། ཕན་ཐོགས་ཀྱིས་ད་བར་འབག་དེ་འབུད་མྱོང་མེད། ལྷ་མོ་འཁྲབ་བཞིན་པའི་ཕན་ཐོགས་ཀྱིས་ལྷ་མོ་འཁྲབ་པ་དང་འཕག་མཆོང་རྒྱག་པ་སོགས་ན་གཞོན་ཞིག་དང་འདྲ་བར་ཡང་ཤ་དོད་པོ་ཡོད། ཕན་ཐོགས་ཀྱིས་འཁྲབ་སྟོན་ཐེངས་དང་པོ་བྱེད་སྐབས་ཀྱི་གནས་ཚུལ་བློ་ལ་གསལ་པོར་ངེས་ཤིང་། ཁོང་གིས་འཁྲབ་སྟོན་ཐེངས་དང་པོ་བྱེད་པའི་སྐབས་ལྟད་མོ་ལྟ་བར་ཡོང་མཁན་ཧ་ཅང་མང་པོ་འདུག དེ་དུས་ང་ལྷ་མོའི་རམ་འདེགས་བྱེད་མཁན་ཞིག་ཡིན་ཡང་དངངས་སྐྲག་ལངས་ནས་རྐང་པ་འདར་སིག་སིག་བྱས་བྱུང་ཞེས་་བཤད། མིག་ཡུད་ཙམ་ལ་དུས་ཚོད་རིང་པོ་འདས་ཤིང་། 2006ལོར་རྒྱལ་མཁར་ལྷ་མོ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་དང་པོར་བཅུག་པ་མ་ཟད། རིན་སྤུངས་རྫོང་གིས་ཀྱང་ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ(རྒྱལ་མཁར་ལྷ་མོ)གྱི་འབྱུང་ཁུངས་ཞེས་པའི་མཚན་སྙན་གནང་བ་དང་། ཕན་ཐོགས་ཀྱང་རྒྱལ་མཁར་ལྷ་མོའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པར་གྱུར་ནས་ཁོང་ལ་ལྷ་མོའི་འཁྲབ་སྟོན་རུ་ཁག་དང་རྒྱལ་མཁར་ལྷ་མོའི་ཁྲིད་སྦྱོང་ཁང་ཡང་ཡོད།

    ད་ཆ་རྒྱལ་མཁར་ལྷ་མོ་རུ་ཁག་གིས་ལོ་ལྟར་དགུན་དུས་སུ་ལྷ་མོ་ནང་སྦྱོང་བྱས་ནས་སང་ལོའི་ཟླ་བདུན་པ་དང་བརྒྱད་པར་ཕྱི་ལ་འཁྲབ་སྟོན་བྱེད་པར་སྐྱོད་ཀྱི་ཡོད། ཁོང་གིས་རྫོང་ནས་ང་ཚོར་མཐོང་ཧ་ཅང་ཆེན་པོ་གནང་ནས་ལོ་ལྟར་རྒྱལ་མཁར་ལྷ་མོའི་རིག་གནས་ཡུལ་སྐོར་དུས་ཆེན་འཚོག་པ་མ་ཟད། འཁྲབ་སྟོན་པར་ནང་སྦྱོང་དང་འཁྲབ་སྟོན་བྱེད་པར་བསྐྱོད་པའི་ཁ་གསབ་སྒོར་80སྤྲོད་ཀྱི་ཡོད། སྲིད་ཇུས་ནས་ལྟ་རྟོག་དང་མ་དངུལ་གྱི་རོགས་སྐྱོར་ཡོད་པས། ང་ཚོ་འཁྲབ་སྟོན་བྱེད་རིམ་བཞིན་ཧ་ཅང་དགའ་པོ་འདུག་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།