དབུ་ཤོག>བོད་ཀྱི་རིག་གནས།
  • རིག་གནས་ནི་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་མགྱོགས་སུ་གཏོང་བའི་ཐབས་ལམ་གཙོ་བོ་ཞིག་རེད།

  • ཡོང་ཁུངས།  ཀྲུང་གོ་གསར་འགྱུར་ཁང་།   |     སྤེལ་དུས།  2021-10-19

    “བརྟག་ཞིབ་བྱེད་རིང་། ངས་བོད་ཀྱི་ས་གནས་འགའ་ཞིག་གི་དགོན་སྡེའི་སྤྲུལ་སྐུས་ཆོས་གསུངས་པ་དང་ཆབས་ཅིག་དད་ལྡན་མང་ཚོགས་ལ་བཅའ་ཁྲིམས་དྲིལ་བསྒྲགས་བྱེད་པའང་ཤེས་རྟོགས་བྱུང་། དེ་ནི་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་སྐུལ་འདེད་གཏོང་བའི་བྱེད་སྟངས་ཡག་པོ་ཞིག་རེད”ཅེས་ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཆོས་ལུགས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཁྲེན་ལི་ཅན་གྱིས་ཟླ་10ཚེས་17ཉིན་ཀྲུང་གོ་གསར་འགྱུར་ཁང་གི་གསར་འགོད་པར་དེ་ལྟར་བཤད།

    ཟླ་10ཚེས་16དང་17ཉིན། “བོད་ཆིན·ཧི་མ་ལ་ཡའི”གླེང་སྟེགས་སྐབས་གསུམ་པ་བོད་ལྗོངས་མི་རིགས་སློབ་ཆེན་དུ་འཚོགས་ཤིང་། དེའི་ནང་ཆིང་ཧྭ་སློབ་ཆེན་དང་། པེ་ཅིང་སློབ་ཆེན། ཀྲུང་གོ་མི་དམངས་སློབ་ཆེན། ནན་ཅིང་སློབ་ཆེན། ཀྲུང་ཧྲན་སློབ་ཆེན། སི་ཁྲོན་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་། ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས། ཧྲའན་ཤིས་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་། ཡུན་ནན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་སོགས་ནས་ཡོང་བའི་རིགས་གཅིག་མཁས་ཅན་དང་མཁས་དབང་བརྒྱ་གྲངས་ཞུགས་ཡོད་པ་རེད།

    ཆིང་ཧྭ་སློབ་ཆེན་རྒྱལ་སྤྱིའི་ཁྱབ་སྤེལ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་དང་དགེ་རྒན་ཆེ་མོ་བ་ལི་ཤིས་ཀོང་གིས་ཀྲུང་གོ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། རིག་གནས་ནི་མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས་བྱེད་པའི་འབྲེལ་ཐག་ལྟ་བུ་ཞིག་ཡིན་ལ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་མགྱོགས་སུ་གཏོང་བའི་ཐབས་ལམ་གཙོ་བོ་ཞིག་དེ་བས་རེད། བོད་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་ཀྲུང་གོའི་སྤྱི་སྤྱོད་སྐད་ཡིག་སྦྱངས་ཚེ་བོད་ཀྱི་དམངས་ཚོགས་དང་ཀྲུང་གོ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དབར་གྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་ཐུབ། འདི་ནི་དེང་རབས་ཅན་གྱི་འཕེལ་རིམ་གྱི་དགོས་མཁོ་ཞིག་རེད་ཅེས་བཤད།

    ལི་ཤིས་ཀོང་གིས། “ཡོན་རྒྱལ་རབས་ནས་ཆིང་རྒྱལ་རབས་བར། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ནི་ཀྲུང་ཧྭ་མི་རིགས་ཀྱི་གཅིག་གྱུར་ཆེན་མོ་སྲུང་སྐྱོང་ལ་ཞབས་འདེགས་ཞུ་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོར་སྐུལ་འདེད་གཏོང་བ། མི་རིགས་ཁག་གི་མཐུན་སྒྲིལ་ཟབ་ཏུ་གཏོང་བར་ཞབས་འདེགས་ཞུ་བ་བཅས་བྱེད་ཀྱི་ཡོད”ཅེས་བཤད།

    ནང་བསྟན་ནི་མཚོ་བོད་ས་མཐོའི་ས་ཁུལ་དུ་ཁྱབ་སྤེལ་དང་འཕེལ་རྒྱས་ཕྱིན་ནས་ལོ་ངོ་1300ལྷག་ཙམ་སོང་ཡོད། ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཚན་ཞིབ་ལས་སྒོའི་གཞུང་དོན་ཁང་གི་ཀྲུའུ་རེན་དང་ཞིབ་འཇུག་པ་ལི་ཏེ་ཁྲེང་གིས། ཐང་རྒྱལ་རབས་ཀྱི་དུས་སྐབས་སུ་འུན་ཤིང་ཀོང་ཇོ་བོད་དུ་ཕེབས་ནས་རྒྱ་བརྒྱུད་ནང་བསྟན་བོད་དུ་དར་སྤེལ་བཏང་བ་དང་ཆབས་ཅིག ཀྲུང་གོའི་ནང་སའི་རིག་གནས་དང་། ལག་རྩལ། རུའུ་ལུགས་ཀྱི་བསམ་བློ་དང་རིག་གནས་བཅས་བོད་དུ་དར་སྤེལ་བཏང་བ་ལས། ཀྲུང་གོར་བོད་བརྒྱུད་ནང་བསྟན་འཕེལ་རྒྱས་འགྲོ་རྒྱུར་ཤུགས་རྐྱེན་ཐེབས་ཡོད། ཉེ་རབས་ཚུན་དུ། ཀྲུང་གོའི་ས་གནས་ཁག་གི་རིག་གནས་ཀྱང་དེ་དང་ཆབས་ཅིག་བོད་དུ་དར་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་འཕེལ་རིམ་མགྱོགས་སུ་བཏང་ཡོད་ཅེས་ངོ་སྤྲོད་བྱས།

    “བོད་བརྒྱུད་ནང་བསྟན་གྱི་ངོས་ནས་བལྟས་ན། བོད་རྒྱའི་རིག་གནས་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་བྱེད་པ་ནི་ཕྱོགས་གཉིས་ཀར་ཤུགས་རྐྱེན་ཐེབས་པའི་བརྒྱུད་རིམ་ཞིག་རེད” 1247ལོར་ས་སྐྱ་པཎྜི་ཀུན་དགའ་རྒྱལ་མཚན་མཆོག་ཞུགས་པའི“ལང་ཇུའི་མཇལ་འདུམ”ལས་ཀྲུང་དབྱང་སྲིད་གཞུང་གིས་བོད་ས་གནས་ལ་བདག་སྐྱོང་ནུས་ལྡན་དང་བཅོས་སྐྱོང་བྱེད་པར་རྨང་གཞི་བཏིང་ཡོད། “བོད་བརྒྱུད་ནང་བསྟན་གྱི་ཉམས་མྱོང་ཡག་པོ་དཔེར་ན་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་དང་འགྲོ་ཀུན་ལ་ཕན་པའི་བསམ་བློས་མི་རིགས་གཞན་དག་ལའང་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་དང་། འདི་ལྟ་བུའི་ཕན་ཚུན་ནུས་པ་ཐོན་པའི་འོག་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་འཕེལ་རིམ་ལ་ཐུན་མོང་སྐུལ་འདེད་གཏོང་གི་ཡོད”ཅེས་ལི་ཏེ་ཁྲེང་གིས་ངོ་སྤྲོད་བྱས།

    “རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་ནི་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་གཞི་རྩའི་རྨང་གཞི་ཡིན” བོད་བརྒྱུད་ནང་བསྟན་ནི་ནང་བསྟན་ཀྲུང་གོ་ཅན་གྱི་མཚོན་ཚུལ་གྱི་གྲས་ཤིག་ཡིན་པ་དང་། རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་ནི་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་སྲོལ་རྒྱུན་བཟང་པོ་དང་མཚོན་ཚུལ་གལ་ཆེན་ཞིག་དང་ནང་བསྟན་ཀྲུང་གོ་ཅན་འཕེལ་རིམ་གྱི་ཐོན་དངོས་ངོ་མ་ཞིག་རེད་ཅེས་ཁྲེན་ལི་ཅན་གྱིས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།