བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་ཡིག་སྒྱུར་གྱིས་བོད་སྐད་ལ་ཐེབས་པའི་ཤན་ཤུགས་ཀྱི་སྐོར་རགས་ཙམ་གླེང་བ།
བོད་རང་གི་ལོ་རྒྱུས་ཀྱི་ནང་དུ་གཞི་རྒྱ་ཆེ་བའི་ཡིག་སྒྱུར་གྱི་ལས་དོན་ཐེངས་གཉིས་བྱུང་ཡོད་དེ། ཐེངས་དང་པོ་ནི། བཙན་པོའི་རྒྱལ་རབས་ཀྱི་སྐབས་སུ་སངས་རྒྱས་ཆོས་ལུགས་བོད་ལ་དར་བ་ནས་བཟུང་བཅིངས་འགྲོལ་བྱས་པའི་བར་དུ་ཡིན། འདིའི་ནང་གི་ཡིག་སྒྱུར་གྱི་ལས་ཀ་གཙོ་བོ་ནི་སངས་རྒྱས་ཆོས་ལུགས་བོད་དུ་བསྒྱུར་བ་དེ་ཡིན་ལ། ཐེངས་གཉིས་པ་ནི། བོད་ཞི་བས་བཅིངས་འགྲོལ་བཏང་བ་ནས་ད་ལྟའི་བར་དུ་བརྩི་དགོས་པར་སྙམ་སྟེ། འདིའི་ནང་དུ་གཙོ་བོ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་མར་ལེའི་གསུང་འབུམ། རྩོམ་རིག་གསར་པ་སོགས་བོད་ཡིག་ཏུ་བསྒྱུར་བ་མ་ཟད། གཞན་ཡང་ཚན་རྩལ་སོགས་རིག་གནས་སྣ་ཚོགས་བོད་ཡིག་ཏུ་བསྒྱུར། ཡིག་སྒྱུར་གྱི་ལས་དོན་འདི་གཉིས་ཀྱིས་བོད་ཀྱི་སྐད་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་དེ། ཐ་སྙད་ཀྱི་ཆ་ནས་མགོ་བརྩམས་ཏེ་སྐད་གདངས་དང་དེ་ནས་བརྡ་སྤྲོད་སོགས་ལ་རིམ་བཞིན་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། དེ་བས། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་ཡིག་སྒྱུར་གྱི་ལས་ཀ་དེ་སྔར་སྲོལ་རྒྱུན་གྱི་སངས་རྒྱས་ཆོས་ལུགས་ཀྱི་གཞུང་ཆོས་གཙོ་བོ་སྒྱུར་བའི་ལས་དེ་ལས་བརྒལ་ཏེ། ཆབ་སྲིད་དང་ཁྲིམས་ལུགས། ཚན་རྩལ་དང་དཔལ་འབྱོར་སོགས་བརྗོད་བྱ་གཙོ་བོར་བྱས་པའི་གཞུང་དེབ་རྣམས་སྒྱུར་བའི་ཕྱོགས་སུ་འགྱུར། དེ་ལས་བོད་སྐད་དུ་སྔར་མེད་ཀྱི་ཐ་སྙད་གསར་པ་མང་པོ་ཆུ་ཀླུང་བརྡོལ་བ་ཇི་བཞིན་ཐོན་དང་ཐོན་བཞིན་ཡོད་པ་མ་ཟད། བོད་སྐད་ཀྱི་བརྡ་སྤྲོད་མ་ལག་ལའང་ཤུགས་རྐྱེན་ཐེབས་ཀྱིན་ཡོད་པས། འདིར་བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་ཡིག་སྒྱུར་གྱིས་བོད་སྐད་ལ་ཤན་ཞུགས་པ་ཅུང་ཟད་ཞིབ་པར་བརྗོད་པར་བྱ་སྟེ།
གཅིག ཡིག་སྒྱུར་ལས་བོད་ཀྱི་ཐ་སྙད་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ།
བོད་ཀྱི་ཐ་སྙད་འཕེལ་ཕྱོགས་ཀྱི་ཐད་ནས་བལྟས་ན། མི་རིགས་གཞན་གྱི་རིག་གནས་ནང་འདྲེན་བྱས་པ་ལས་བྱུང་བའི་ཐ་སྙད་གསར་བའམ་ཕྱི་ཡོང་གི་མིང་ནི་གནའ་ནས་ད་ལྟའི་བར་ཆུ་བོའི་རླབས་ཕྲེང་བཞིན་གཅིག་རྗེས་གཉིས་མཐུད་དུ་རྒྱུན་ཆད་མེད་པར་བྱུང་དང་འབྱུང་བཞིན་ཡོད། ལྷག་དོན་དུ་དུས་རབས་བདུན་པ་ནས་བཟུང་བོད་ཀྱི་སྲིད་འབྱོར་རིག་གསུམ་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་ཆེན་པོ་བྱུང་ཞིང་། ལྷག་པར་དུ་བཅིངས་འགྲོལ་བཏང་རྗེས་བོད་ཀྱི་སྤྱི་ཚོགས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་མ་ཟད། བོད་ཀྱི་རིག་གནས་དང་མིང་བརྡ་སོགས་ལ་སྔར་དང་བསྡུར་ན་འགྱུར་བ་ཆེན་པོ་བྱུང་ཡོད་དེ། དུས་སྐབས་འདིའི་ནང་དུ་བྱུང་བའི་མིང་བརྡ་རྣམས་ནི་གོང་དུ་གླེང་མ་ཐག་པའི་སངས་རྒྱས་ཆོས་ལུགས་བོད་དུ་བསྒྱུར་བ་ལ་བརྟེན་ནས་ཐ་སྙད་མང་པོ་བྱུང་བའི་དུས་མཚམས་དེ་དང་བསྡུར་ན་ཧ་ཅང་ཐུང་བ་སྟེ། ལོ་ངོ་བདུན་ཅུ་ལྷག་ཙམ་གྱི་ལོ་རྒྱུས་ལས་མེད་པ་རེད། ཡིན་ནའང་དུས་ཡུན་ཐུང་ངུ་འདིའི་ནང་དུ་བྱུང་བའི་ཐ་སྙད་གསར་པའི་འཕེལ་ཕྱོགས་དང་། དེས་བོད་སྐད་ཀྱི་ཐ་སྙད་མ་ལག་དང་བརྡ་སྤྲོད་ལུགས་སོགས་ལ་ཐེབས་པའི་ཤན་ཤུགས་ནི་གོང་སྨྲོས་ཀྱི་དུས་མཚམས་ལས་ཅུང་ཆེ་བར་འདོད་དེ། ང་ཚོ་ཚང་མས་ཤེས་གསལ་ལྟར། བོད་ལ་ཞི་བས་བཅིངས་འགྲོལ་བཏང་རྗེས་གསར་བྱུང་གི་བྱ་དངོས་དང་གཞུང་ལུགས་སོགས་ཀྱི་མིང་བརྡའང་ཀླུང་དུ་བརྡོལ་ཅིང་། དུས་རབས་དང་སྤྱི་ཚོགས་གསར་བའི་གོམ་སྟབས་མྱུར་མོས་དེད་ཡོང་བའི་མིང་བརྡ་དེ་དག་ནི་བོད་ཁུལ་གྱི་ས་གནས་སོ་སོར་ཐབས་ལམ་སྣ་ཚོགས་བརྒྱུད་དེ་ནང་འདྲེན་བྱས་དང་བྱེད་བཞིན་ཡོད་ལ་དེས་སྔར་བཞིན་བོད་སྐད་ཀྱི་ཐ་སྙད་ཕུན་སུམ་ཇེ་ཚོགས་སུ་འགྲོ་བར་སྐུལ་འདེད་ཀྱི་ནུས་པ་བླ་ལྷག་ཅིག་བཏོན་དང་འདོན་བཞིན་ཡོད་པ་བསྙོན་མེད་ཡིན་ཏེ། སྐབས་འདིར་གསར་དུ་བྱུང་བའི་ཐ་སྙད་ནི་གཙོ་བོ་ཆབ་སྲིད་དང་། ཁྲིམས་ལུགས། རྩོམ་རིགས་བཅས་ཀྱི་སྐོར་ཡིན་ཞིང་། ཚན་རྩལ་སྐོར་གྱི་ཐ་སྙད་ཀྱང་མང་པོ་ཞིག་བྱུང་ཡོད། དཔེར་ན། རྒྱ་ཡིག་དོན་སྒྱུར་སོགས་བྱས་པ་ལས་གསར་དུ་བྱུང་བའི་ཐ་སྙད་ལ་མཚོན་ན། སྤྱི་ཚོགས་རིང་ལུགས་དང་། གསར་བརྗེ། བཅིངས་འགྲོལ། དམར་དམག འབྱོར་མེད་གྲལ་རིམ། མེ་འཁོར། བརྙན་འཕྲིན། ལྕགས་ལམ་ལ་སོགས་ཤིན་ཏུ་མང་། དེ་མིན་སྒྲ་རང་སོར་བཞག་སྟེ་དྲངས་པའི་ཐ་སྙད་པད་ཚལ་དང་། ཅོག་ཙེ། ཡང་ལཱ་སོགས་དུ་མ་མཆིས། དེ་མིན་ད་དུང་གསར་བསྐྲུན་གྱིས་དྲངས་པའི་ཐ་སྙད་ཀྱང་ཧ་ཅང་མང་པོ་ཡོད། གང་ལྟར་ནའང་། དུས་རབས་ཀྱི་གོམ་འགྲོས་དང་བསྟུན་ནས་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་རིག་གནས་གང་མང་བོད་དུ་བསྒྱུར་བ་ལས་བོད་དུ་མེད་པའི་ཐ་སྙད་མང་པོ་ཞིག་རིམ་བཞིན་བོད་དུ་དར་བ་དང་། དེ་དག་ཀྱང་ཡིག་སྒྱུར་གྱི་བྱ་བ་འདི་དང་ལོ་ཙཱ་བ་རྣམས་ལ་བརྟེན་ནས་ཚད་ལྡན་དུ་གཏོང་དགོས་པ་དང་། དེ་ལས་ཐད་ཀར་ཕན་ཚུན་ཐ་སྙད་ལ་ཤན་ཤུགས་ཐེབས་པར་མཐུན་རྐྱེན་ལེགས་པོ་ཞིག་འདོན་སྤྲོད་བྱས་ཡོད་ཅིང་། ཐ་སྙད་གསར་པ་དེ་དག་གིས་བོད་སྐད་ཀྱི་ཐ་སྙད་མ་ལག་ལ་སྔར་མེད་ཀྱི་གསོན་ཤུགས་གསར་པ་ཞིག་བཏོན་དང་འདོན་བཞིན་མཆིས།
གཉིས། ཡིག་སྒྱུར་ལས་བོད་ཀྱི་བརྡ་སྤྲོད་ཀྱི་མ་ལག་ལ་འགྱུར་བ་བྱུང་བ།
རྒྱལ་ནང་གི་སྐད་བརྡ་རིག་པ་ལ་ཞིབ་འཇུག་བྱེད་མཁན་མང་པོ་ཞིག་སྐུ་ཞབས་ལི་ཧྥང་ཀུས་སོགས་ཀྱི་རྗེས་སུ་འབྲངས་ནས་བོད་སྐད་ནི་རྒྱ་བོད་སྐད་ཁོངས་སུ་འདུ་ཞེས་གྲགས་པ་ཀུན་ལ་ཁྱབ་བཞིན་འདུག་ཅིང་། དེང་གི་གསར་སྐྱེས་ཀྱི་མཁས་པ་ཁ་ཤས་ཀྱིས་དེའི་སྐོར་ལ་དོགས་སློང་བྱེད་བཞིན་ཡོད་དེ། དཔེར་ན་སྤྱི་ལོ་2011ལོར་དགེ་རྒན་ཆེན་མོ་ཡེ་ཤེས་འོད་ཀྱིས་འཆད་ཁྲིད་གནང་སྐབས་བོད་སྐད་ནི་ཨར་ཐའེ་དང་རྒྱ་བོད་སྐད་ཁོངས་གཉིས་ཀྱི་བར་དུ་གནས་པར་བཤད། ཁོང་གིས་ཀུན་གྱི་བཞེད་པ་དེ་ལ་དོགས་སློང་བྱེད་པའི་རྐྱེན་དེ་རང་རེའི་བོད་ཀྱི་བརྡ་སྤྲོད་དེ་བྱེ་བྲག་ཏུ་རྣམ་དབྱེ་དང་ཚིག་ཕྲད་ཀྱི་ཐོག་ནས་གསལ་བཤད་བྱེད་ཀྱིན་ཡོད། དེ་ནི་དངོས་གནས་ང་ཚོས་བསམ་བློ་གཏོང་དགོས་པ་ཞིག་རེད། དེ་ཡང་སྐུ་ཞབས་ལི་ཧྥང་ཀུས་སོགས་ལྟར་ན། མི་རིགས་ཤིག་གི་སྐད་ལས་རྩ་བའི་ཐ་སྙད་དེ་ནི་མི་རིགས་དེའི་སྐད་བྱུང་བ་ནས་བྱུང་ཞིང་དུས་ད་ལྟའང་དེ་ལྟར་མི་རིགས་གང་དེའི་སྐད་ཀྱི་ཁྲོད་དུ་གནས་ཡོད་པར་བཞེད་ལ། གནའ་བོའི་རྒྱ་རིགས་དང་བོད་རིགས་གཉིས་ལ་མཚོན་ན། མེས་པོ་གཅིག་ཡིན་པར་ངེས་པ་དང་། རྒྱ་སྐད་དང་བོད་སྐད་ཀྱང་སྐད་ཁོངས་གཅིག་གི་ཁུངས་སུ་འདུས་པར་བཤད། དེའི་རྒྱུ་མཚན་ནི་བོད་སྐད་དང་གནའ་བོའི་རྒྱ་སྐད་དུ་རྩ་བའི་ཐ་སྙད་དུ་གྱུར་ཡོད་པའི་མིང་རྣམས་སྒྲ་ཚིགས་རྐྱང་པ་ཅན་ཤ་སྟག་ཡིན་ཏེ། དཔེར་ན། བོད་སྐད་ཀྱི་དུག་ཞེས་པ་ལ་རྒྱ་སྐད་ཀྱི་ནང་དུའང“毒”དང་། མིག་ཅེས་པ་ལ“目”ཟེར་བ་སོགས་སྒྲ་དོན་འདྲ་མཚུངས་ཀྱི་ཐ་སྙད་མང་པོ་ཡོད་པར་འདོད། ཁོང་གིས་གསུངས་པ་དེ་ལ་གནས་ལུགས་རེ་འདུག་ཀྱང་། ཞིབ་ཏུ་བློ་གཟུར་བོའི་ངང་ནས་བསམ་བློ་ཞིག་བཏང་ཚེ་ཁོང་གི་ཐ་སྙད་གཅིག་པུར་མ་གཏོགས་བསམ་བློ་བཏང་མེད་པ་གསལ་པོར་ཤེས་ཐུབ། འོན་ཀྱང་ཐ་སྙད་ནི་སྐད་ཆའི་གྲུབ་ཆ་གསུམ་ལས་གཅིག་མ་གཏོགས་མིན་པར། ཐ་སྙད་ལས་ད་དུང་གཞན་བརྡ་སྤྲོད་དང་སྐད་གདངས་སོགས་ལ་བལྟ་དགོས། བརྡ་སྤྲོད་ཀྱང་རྩ་བའི་ཐ་སྙད་དང་འདྲ་བར་ལོ་རྒྱུས་རིང་མོའི་ནང་དུ་གཏན་ཆགས་ཀྱིས་མི་འགྱུར་བར་གནས་ཐུབ་པ་མ་ཟད། དེ་ནི་མི་རིགས་དེའི་སྐད་ཆའི་ངོས་ཀྱི་བསམ་བློའི་གོམས་གཤིས་ལྟ་བུ་དེ་ཡིན། དེས་ན། རྒྱ་སྐད་དང་བོད་སྐད་གཉིས་ལ་བསམ་བློ་བཏང་ན་ཆེས་མི་འདྲ་བ་ནི་ཐ་སྙད་གཅིག་པུ་མ་ཡིན་པར་བརྡ་སྤྲོད་ཀྱི་མ་ལག་འདི་ཡང་ཡིན་འདུག དེ་ཡང་བོད་སྐད་དུ་ཨར་ཐའེ་སྐད་ཁོངས་ཀྱི་སྐད་རིགས་ནང་བཞིན་རྣམ་དབྱེ་དང་ཚིག་ཕྲད་ཡོད་ཀྱང་རྒྱ་སྐད་དུ་མེད། དེས་ན། རྒྱ་བོད་གཉིས་ཀྱི་སྐད་རིགས་ནི་དངོས་གནས་སྐད་ཁོངས་གཅིག་ཏུ་འདུའམ། མི་འདུ་ན་རྩ་བའི་ཐ་སྙད་མང་པོ་ཞིག་མཐུན་ཞིང་བརྡ་སྤྲོད་སོགས་མི་མཐུན་པ་དེ་ལྟ་བུ་ཞིག་ཅི་ལྟར་བྱུང་ངམ་ཞེ་ན། གནས་སྐབས་འདིར་ཤར་མར་ལན་གསལ་ཐག་ཆོད་པ་ཞིག་འདེབས་ཤིན་ཏུ་དཀའ་ནའང་། ཡིག་སྒྱུར་ཕྱོགས་ནས་བལྟས་ན། ཚང་མས་ཤེས་གསལ་ལྟར་རང་རེའི་བོད་ཀྱི་ཤེས་རིག་ནི་གདོལ་བོན་གྱི་རིག་གནས་རྨང་གཞིའི་ཐོག་ཉེ་འཁོར་མི་རིགས་དང་རྒྱལ་ཁབ་དག་གི་རིག་གནས་ཀྱི་ཉིང་བཅུད་བསྡུས་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ཏེ། ཉེ་འཁོར་གྱི་མི་རིགས་དང་རིག་གནས་ཀྱང་གཙོ་བོ་རྒྱ་དཀར་ནག་གིས་གཙོས་པའི་རིག་གནས་ལ་ཟེར་ཏེ། དེ་དག་ལས་ལོ་ཙཱ་བྱས་པ་ལ་བརྟེན་ནས་དེ་འདྲ་ཞིག་ཆགས་ཀྱང་སྲིད་དོ་ཞེས་དོགས་སློང་ཚུལ་དུ་ཚན་པ་ཞིག་འདིར་གླེང་བ་ཡིན།
སྤྱིར་སྔ་རབས་མཁས་པ་རྣམས་ཀྱིས་རང་རེའི་བོད་ཡིག་གིས་བརྗོད་འདོད་ཀྱི་དོན་རྣམས་གསལ་པོར་སྟོན་བྱེད་དང་སྟོན་པ་དེ་དག་མི་འཁྲུལ་བའི་ཆེད་དུ་ཚེག་གི་རྒྱ་དང་ཤད་ཀྱི་རྒྱ། ལེའུའི་རྒྱ་སོགས་རྒྱ་རིམ་པ་བདུན་སོགས་ཀྱི་གདབ་ཚུལ་གཏན་འབེབས་བྱས་ཡོད་པ་མ་ཟད། ལུང་དོན་གང་ཞིག་འདྲེན་པ་ལ་ཚིག་ཕྲད་ཞིང་ཞེས་ཞེའོ་སོགས་དང་། དུམ་མཚམས་གང་ཞིག་རྫོགས་པ་སོགས་ལ་རྫོགས་ཚིག་བཀོད་པ་སོགས་སུམ་རྟགས་སུ་ཡང་དག་པར་གཏན་འབེབས་བྱས་ཡོད་སྟབས། རང་གི་བརྗོད་འདོད་ཀྱི་དོན་རྣམས་ལུང་རིགས་མ་འཁྲུལ་བར་ཇི་བཞིན་དུ་ཡི་གེའི་སྟེང་དུ་འགོད་ཐུབ་ཀྱང་། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་ནས་བསྒྱུར་བའི་དཔེ་ཆ་རྣམས་སུ་དེང་རབས་ཀྱི་དཔེ་རྟགས་སོགས་མང་པོ་ཐོན་ཡོད་དེ། འདི་དག་གིས་བོད་ཀྱི་ཡིག་ཐོག་གི་བརྡ་སྤྲོད་ཀྱི་འགྲོ་ལུགས་ཀྱི་སྲོལ་རྒྱུན་དེར་གཏོར་བཤིག་བྱས་ཡོད། དཔེར་ན། “《སུའུ་ལེན་གུང་ཁྲན་ཏང(པུར)གི་ལོ་རྒྱུས་གནད་བསྡུས་སློབ་དེབ》ཟེར་བ་དེ་ཡིག་ཆ་ལྟེ་བར་འཛིན་དགོས་ཀྱི་རེད。 《སུའུ་ལེན་གུང་ཁྲན་ཏང(པུར)གི་ལོ་རྒྱུས་གནད་བསྡུས་སློབ་དེབ》དེ་ནི་ལོ་བརྒྱ་ཙམ་རིང་གི་འཛམ་གླིང་ཡོངས་གི་གུང་ཁྲན་རིང་ལུགས་ལས་འགུལ་གི་ཕྱོགས་བསྡུས་དང་ཕྱོགས་བསྡོམས་ཚད་མཐོ་ཤོས་ཅིག་རེད་ལ, རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱས་པའི་དཔེ་འོས་ཅིག་ཡང་རེད,འཛམ་གླིང་ཡོངས་ལ་དཔེ་འོས་ཆ་ཚང་བ་དེ་མ་གཏོགས་ཡོད་པ་མ་་་་་་་་་་་་་་་་་་་རེད。”ཞེས་པ་འདི་ལས་ཚིག་གི་གཅོད་མཚམས་སོགས་རྒྱ་ཡིག་གི་རྟགས་ཀྱིས་བཅད་དེ་བོད་རང་གི་ཚེག་རིང་སྟེ་ཤད་དོར་ཡོད་པ་མ་ཟད། ད་དུང་ཁ་སྐོང་སྒོར་སྒོར་ཅན་དང་གཉིས་བརྩེགས་ཅན་སོགས་མང་པོའང་བོད་ཡིག་ཏུ་ཐོན་ཡོད། གཞན་ཡང་། “དེ་ནས་ཟླ་ཕྱེད་སོང་མཚམས་སུ་ཧྲི་ཅིན་གི་བསམ་པར་‘ཁོང་ཚོ་མི་གསུམ་པོས་ང་ལ་བཀུར་བཟོས་དེ་འདྲ་བྱེད་གི་འདུག ངས་ཀྱང་ལག་རྟགས་ཅིག་གྲབས་བྱས་ཏེ་ལག་པོད་སྤྲོད་དགོས’བསམ་ནས་ཕྱི་ཉིན་ཚེམ་བཟོ་བ་འབོད་པར་བཏང་། རང་ཉིད་རྫོང་དུ་ཕྱིན་ནས་གོས་ཆེན་མཚལ་ཁ་ཡུག་གསུམ་ཉོས། དེས་གོས་གསུམ་བཟོས་པ་དང་ལུག་ཤ་ཚོན་པོ་ཁོག་གསུམ་བཙོས་ཏེ་སྣོད་ཆས་ཆེན་པོ་ཅིག་གི་ནང་དུ་བླུགས་ནས་གཞིས་བྲན་གཉིས་སྐྱེལ་བར་གཏོང་རྩིས་བྱས།” ཞེས་པ་འདིའི་ནང་དུ་འདྲེན་རྟགས་ཐོན་ཡོད་པ་དང་། འབྲེལ་སྒྲ་དང་ཚིག་ཕྲད་གོང་དང་འདྲ་བར“གི”དང“ཅིག”གཉིས་མ་གཏོགས་མི་འདུག འདིས་རྗེས་ཕྱོགས་བོད་ཡིག་ཏུ་འདྲེན་རྟགས་དང་བོད་སྟོད་སྨད་བར་གསུམ་གྱི་ཁ་སྐད་དུ་སྤྱོད་པའི་རྣམ་དབྱེ“གི”སྒྲ་སོགས་ཡིག་ཐོག་ཏུ་བཀོད་པར་སྒོ་མོ་ཆེན་པོ་ཕྱེས་པ་རེད། འོན་ཀྱང་རྟགས་འདི་དག་ཐོག་དང་པོར་བྱུང་དུས་བོད་ཀྱི་བརྡ་སྤྲོད་ཀྱི་ལུགས་དང་ཆེས་ཆེར་མི་མཐུན་ཡང་རྗེས་ནས་རིམ་བཞིན་ཚད་ལྡན་དུ་གྱུར་ཏེ་བོད་ཀྱི་ཁྱད་ཆོས་མ་དོར་ཞིང་དེང་རབས་རྒྱལ་སྤྱིའི་ལུགས་དང་ཡང་མཐུན་པར་བྱས་པས་བོད་ཡིག་སྔར་ལས་ཚད་ལྡན་དུ་བཏང་།
མདོར་ན། ཡིག་སྒྱུར་ལ་བརྟེན་ནས་སྐད་རིགས་མི་འདྲ་བ་ཚང་མས་སྐད་ཡིག་གཞན་གྱི་ཁྲོད་ནས་ཐ་སྙད་གསར་པ་བསྡུ་ལེན་བྱེད་ཀྱིན་ཡོད་པ་དང་། དེས་མི་རིགས་སོ་སོའི་སྐད་ཆའི་མཚོན་ནུས་དེ་ཤུགས་ཇེ་ཆེ་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བཞིན་ཡོད་པ་མ་ཟད། སྐབས་རེ་མི་རིགས་སོ་སོའི་སྐད་ཀྱི་བརྡ་སྤྲོད་ལུགས་ལའང་འགྱུར་ལྡོག་གཏོང་གི་ཡོད།
(རྩོམ་པ་པོ། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་རྩོམ་སྒྲིག་པུའུ་ཡི་བཀྲ་ཤིས་དཔལ་སྐྱིད།)