དབུ་ཤོག>བོད་ཀྱི་རིག་གནས།
  • པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་བཀྲས་ལྷུན་དགོན་དུ་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-25

    ཉིན་ཤས་གོང་། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་གཞིས་རྩེ་གྲོང་ཁྱེར་བཀྲས་ལྷུན་དགོན་དུ་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་བ་རེད།

    པཎ་ཆེན་རིན་པོ་ཆེ་ལྷ་ས་ནས“བསྐྱར་དར་རྟགས་ཅན”གྱི་ས་མཐོའི་ཤུགས་འགྲེམས་མེ་འཁོར་ནང་བཞུགས་ཏེ་གཞིས་རྩེ་གྲོང་ཁྱེར་དུ་ཕེབས་ཤིང་། བཀྲས་ལྷུན་དགོན་གྱི་ཐང་ཆེན་དུ་པཎ་ཆེན་རིན་པོ་ཆེ་ཕེབས་འབྱོར་བྱུང་བ་དང་སྦྲགས་ས་གནས་ས་ཐོག་ཏུ་དུང་རྒྱ་གླིང་གི་སྒྲ་ལྷང་ལྷང་དུ་གྲགས་པ་དང་བསང་གི་དུ་བ་ལྷོག་ལྷོག་ཏུ་འཕྱུར། བཀྲས་ལྷུན་དགོན་གྱི་དགེ་འདུན་པ་ཚོས་བོད་བརྒྱུད་ནང་བསྟན་གྱི་གུས་ལུགས་གཟབ་ཤོས་ཐོག་ནས་པཎ་ཆེན་རིན་པོ་ཆེར་བསུ་བ་ཞུས་པ་རེད། དེ་གར་པཎ་ཆེན་རིན་པོ་ཆེ་ཕེབས་སྒུག་ཞུས་ནས་བསྡད་པའི་དད་ལྡན་མང་ཚོགས་ཚོས་གཅིག་རྗེས་གཉིས་མཐུད་ངང་ཞྭ་མོ་ཕུད་དེ་གུས་འདུད་ཞུས་པའམ་ཡང་ན་ཐལ་མོ་སྙིང་ཁར་སྦྱར་ནས་པཎ་ཆེན་རིན་པོ་ཆེ་ཕེབས་པར་སྤྲོ་སེམས་འཁོལ་པོས་བསུ་བ་ཞུས་པ་རེད།

    པཎ་ཆེན་རིན་པོ་ཆེ་བཀྲས་ལྷུན་དགོན་གྱི་གཟིམ་སྒོའི་འགྲམ་དུ་རླངས་འཁོར་ནས་བབས་རྗེས་དགེ་འདུན་པས་སེར་སྦྲེང་བསྒྲིགས་ནས་རྡོ་གཅལ་ཆེ་མོ་བརྒྱུད་ཚོགས་ཆེན་འདུ་ཁང་དུ་གདན་དྲངས། འདུ་ཁང་ནང་པཎ་ཆེན་རིན་པོ་ཆེས་སྟོན་པ་ཤཱཀྱ་མུ་ནེའི་སྐུ་བརྙན་དང་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་སྲོལ་གཏོད་མཁན་རྗེ་ཙོང་ཁ་པའི་སྐུ་བརྙན་ལ་ལྷག་བསམ་དག་པའི་སྐུ་ཕྱག་ཕུལ་བ་དང་འབྲེལ་དགེ་འདུན་པ་ཚོ་དང་ལྷན་དུ་ཞལ་འདོན་གནང་རྗེས་བླ་བྲང་ཉི་འོད་གཟིམ་ཆུང་དུ་ཕེབས། ཕྱི་དྲོ་པཎ་ཆེན་རིན་པོ་ཆེ་བླ་བྲང་ཉི་འོད་གཟིམ་ཆུང་གི་གསེར་ཁྲིར་བཞུགས་ནས་བཀྲས་ལྷུན་དགོན་དོ་དམ་ཨུ་ལྷན་གྱི་དགེ་འདུན་པའི་ཁོངས་མི་དང་བླ་མ་སྐྱེས་ཆེན་ལ་མཇལ་ཁ་གནང་བ་དང་འབྲེལ་ཁོང་ཚོར་ཕྱག་དབང་གནང་བ་དང་ཞལ་འདོན་འདོན་སྐུལ་གནང་སྟེ་བླ་མ་སྐྱེས་ཆེན་དང་ལྷན་དུ་གསོལ་བ་སྨོན་ལམ་ཡང་བཏབ་པ་རེད།

    དེའི་རིང་པཎ་ཆེན་རིན་པོ་ཆེས་བཀྲས་ལྷུན་དགོན་སྲིད་གསུམ་རྣམ་རྒྱལ་གསེར་གདུང་ལྷ་ཁང་དང་རྒྱལ་བ་བྱམས་པའི་ལྷ་ཁང་སོགས་ལྷ་ཁང་གཙོ་བོར་མཆོད་མཇལ་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།