པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་བོད་ལ་ཕེབས་ནས་སྤྱི་ཚོགས་དང་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་བ།
རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་ཟླ་7ཚེས་30ཉིན་གནམ་གྲུར་བཞུགས་ཏེ་ལྷ་སར་ཕེབས་ནས་སྤྱི་ཚོགས་དང་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་འགོ་ཚུགས་པ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཀྲོང་ཡན་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡན་ཅིན་ཧའེ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་བསྟན་ཁོ། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན་དང་། ལྕགས་རྭ་བློ་བཟང་བསྟན་འཛིན། མོང་ཞའོ་ལིན། ཀྲང་ཧུང་པོ། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ས་ལུང་ཕུན་ལགས། བསོད་ནམས་རིག་འཛིན་སོགས་ལྷ་ས་གོང་དཀར་གནམ་ཐང་ངམ་ཡང་ན་བཞུགས་གླིང་རྡོ་རྗེ་ཕོ་བྲང་དུ་ཕེབས་བསུར་བཅར་བ་དང་པཎ་ཆེན་རིན་པོ་ཆེར་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣའི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་ཡོད།
ཟླ་8ཚེས་3ཉིན་ནས་7ཉིན་བར་པཎ་ཆེན་མཆོག་གིས་སྔ་རྗེས་སུ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་སྐབས་བཅུ་གཅིག་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོའི་ཚོགས་འདུ་ཐེངས་དྲུག་པ་དང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་གཉིས་པ་གཙོ་སྐྱོང་གནང་བ་དང་བསྟན་ཁོ་ཡིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་གསུང་བཤད་གནང་བ་རེད། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་དང་བོད་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་དང་། ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་པ། 《བོད་ལྗོངས་བོད་བརྒྱུད་ནང་བསྟན་གྱི་དགོན་པའི་སྒྲིག་སྲོལ》དང《བོད་ལྗོངས་བོད་བརྒྱུད་ནང་བསྟན་གྱི་དགོན་པའི་སྒྲིག་སྲོལ་དང་དགེ་འདུན་པའི་སྡོམ་ཁྲིམས》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།
པཎ་ཆེན་མཆོག་གིས་ད་དུང་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་བོད་བརྒྱུད་ནང་བསྟན་གྱི་བཀའ་ཆོས་དགོངས་འགྲེལ་གྱི་སྤེལ་རེས་ཚོགས་འདུ་སྐབས་དྲུག་པ་དང་དེ་བཞིན་བསྟན་དོན་དགོངས་འགྲེལ་གྱི་བགྲོ་གླེང་ཚོགས་འདུ་སྐབས་དང་པོར་ཞུགས་པ་རེད། པཎ་ཆེན་མཆོག་གིས་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས“མོས་སེམས་ལྔ”ལ་བརྟེན་ནས་བསྟན་དོན་དགོངས་འགྲེལ་ལ་གཅིག་འདོམས་མཐའ་འཁྱོངས་བྱས་ཏེ་དཔེ་ཆ་སྦྱངས་ནས་ནང་བསྟན་དར་སྤེལ་གཏོང་བ་དང་། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ། རང་གཅུན་ནན་པོ་བཅས་བྱས་ཏེ་བསྟན་དོན་དང་འདུལ་ཁྲིམས་ལ་དུས་རབས་གསར་པ་དང་འཚམ་པ་དང་། བརྗོད་དོན་གཙོ་བོ་དར་སྤེལ་གཏོང་བ། དྲང་ནུས་བརྒྱུད་སྤྲོད་བཅས་ཀྱི་སྒོ་ནས་དགོངས་འགྲེལ་བྱས་ཏེ་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་དང་འཕེལ་རྒྱས་ཡོང་བར་བྱེད་དགོས་ཞེས་གསུངས་པ་རེད།