དབུ་ཤོག>བོད་ཀྱི་རིག་གནས།
  • དམངས་ཁྲོད་ལྷ་མོ་ཚོགས་པ་ཡིས། མིག་ཡིད་རྣ་བའི་དགའ་སྟོན་བཤམས།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2021-06-20

    654310_yis_1624118400000_s.jpg

    འདི་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་དམར་ཤང་མཚོ་སྨད་གྲོང་ཚོའི་དམངས་ཁྲོད་ལྷ་མོ་ཚོགས་པས་ལྷ་མོ་འཁྲབ་བཞིན་པ།

    654354_yis_1624118400000_s.jpg

    འདི་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་དམར་ཤང་མཚོ་སྨད་གྲོང་ཚོའི་དམངས་ཁྲོད་ལྷ་མོ་ཚོགས་པས་ལྷ་མོ་འཁྲབ་བཞིན་པ། 

    ཚེས་12ཉིན་གྱི་ཞོགས་པར་འཛམ་གླིང་རིག་གནས་ཤུལ་བཞག་ཡིན་པའི་ཕོ་བྲང་པོ་ཏ་ལའི་རྒྱབ་ཏུ་གནས་པའི་རྫོང་རྒྱབ་ཀླུ་ཁང་ནང་ལྷ་སའི་གྲོང་མི་མི་ཉུང་བ་ཞིག་སྔ་པོ་ནས་དེར་ཉིན་དེའི་ལྷ་མོའི་འཁྲབ་སྟོན་ལ་ལྟ་བར་ཡོང་།

    ཆུ་ཚོད་10པ་ཡོལ་རྗེས་སྤྱི་གླིང་ཤར་སྒོའི་སྒོར་དབྱིབས་ཅན་གྱི་གར་སྟེགས་དེར་ལྷ་མོར་དགའ་པོ་ཡོད་མཁན་ཚོས་འཁྲབ་སྟོན་བསྒུགས་ནས་བསྡད་ཡོད་པ་རེད། སྐབས་འཕྲལ་དུ་བརྒྱབ་པའི་ཁང་པ་ཞིག་ནང་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་དམར་ཤང་མཚོ་སྨད་གྲོང་ཚོའི་དམངས་ཁྲོད་ལྷ་མོ་ཚོགས་པའི་ཞིང་པའི་འཁྲབ་སྟོན་པ་ཚོས་བྲེལ་འཚུབ་ངང་ལྷ་མོའི་འཁྲབ་ཆས་བརྗེ་བ་དང་མཛེས་བཟོ་བྱེད་བཞིན་ཡོད་པ་རེད།

    ཆུ་ཚོད་11ཏག་ཏག་ལ་རྔ་སྒྲ་དང་སྙན་འཇེབས་ལྡན་པའི་རྣམ་ཐར་གྱི་འགྱུར་ཁུག་དང་བསྟུན་ནས་སྲོལ་རྒྱུན་གྱི་ལྷ་མོའི་འཁྲབ་གཞུང་ཆེན་པོ་བརྒྱད་ཀྱི་ནང་ཚན《སྣང་ས་འོད་འབུམ》འཁྲབ་འགོ་ཚུགས། འཁྲབ་ཚན་དེའི་ནང་གཤིས་རྒྱུས་བཟང་ལ་སྐྱེ་འབྲས་མཚར་བའི་སྣང་ས་འོད་འབུམ་གནས་རྙིང་གཟུངས་སྒྲུབ་ཀྱི་ལྟད་མོ་ལྟ་བར་འགྲོ་སྐབས་དཔོན་པོ་སྒྲ་ཆེན་གྱིས་མདའ་དར་བཙུགས་ནས་བག་མར་བླངས་པ་དང་ཕྱིས་སུ་མནར་གཅོད་ཚད་མེད་ཕོག་སྟེ་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་ཏེ་བཙུན་མ་ཞིག་བྱས་ཏེ་སངས་རྒྱས་པའི་སྐོར་བརྗོད་ཡོད། འཁྲབ་གཞུང་དེས་ལེགས་ཉེས་ཀྱི་རྒྱུ་འབྲས་དང་མི་ཚེའི་གནས་ལུགས་མཚོན་གྱི་ཡོད།

    ལོ་87ལ་སླེབས་པའི་ལྷ་མོར་དགའ་པོ་ཡོད་མཁན་བགྲེས་སོང་ངག་དབང་བཀྲ་ཤིས་ཀྱིས་དགའ་ཚོར་ཆེན་པོས“དེ་རིང་གི་ལྟད་མོ་དངོས་གནས་འདྲ་ས་མི་འདུག མཚོ་སྨད་གྲོང་ཚོའི་ལྷ་མོ་ཚོགས་པའི་འཁྲབ་སྟོན་དཔེ་མི་སྲིད་པའི་ཡག་པོ་འདུག དེ་རིང་ང་ཉིན་གང་འདི་གར་ལྟད་མོ་བལྟས་ནས་སྡོད་རྩིས་ཡོད”ཅེས་བཤད།

    རྒན་རྒོན་ཚང་མས་བསྔགས་བརྗོད་ཆེན་པོ་བྱེད་པའི་དམངས་ཁྲོད་ལྷ་མོ་ཚོགས་པ་དེ་ནི་ལོ་300ལྷག་ཙམ་གྱི་ལྷ་མོ་འཁྲབ་སྟོན་གྱི་ལོ་རྒྱུས་ལྡན་པའི་མཚོ་སྨད་གྲོང་ཚོ་ནས་ཡིན་པ་དང་། ལྷ་མོ་བ་30ཡོད་པ་ཚང་མ་ས་སྐྱེས་རྡོ་སྐྱེས་ཀྱི་མཚོ་སྨད་གྲོང་ཚོའི་ཞིང་པ་རེད། ཁོང་ཚོའི་ནང་གི་ཆུང་ཤོས་ལོ་20དང་ཆེ་ཤོས་ལོ་72རེད།

    “ངས་ལོ་13ནས་བཟུང་ལྷ་མོ་འཁྲབ་པ་ཡིན། གྲོང་ཚོའི་ནང་ལྷ་མོའི་དགེ་རྒན་བྱས་ནས་ལོ་26ཕྱིན་སོང་། དེ་རིང་ང་ཚོས་བསྟུད་མར་ཆུ་ཚོད་8ཙམ་འཁྲབ་སྟོན་བྱ་རྒྱུ་ཡིན། ལྷ་མོ་ནི་དམངས་ཁྲོད་ནས་དར་བ་དང་ད་ཆ་སྔར་བཞིན་ཚང་མས་དགའ་པོ་བྱེད་ཀྱི་ཡོད་པས་དཀའ་ལས་རྒྱག་རིན་ཡོད་པ་ཞིག་རེད”ཅེས་མཚོ་སྨད་གྲོང་ཚོའི་དམངས་ཁྲོད་ལྷ་མོ་ཚོགས་པའི་རུ་དཔོན་ལྷག་པ་ཚེ་རིང་གིས་བཤད།

    ལྷ་མོ་ནི་གླུ་གར་དང་། འཁྲབ་སྟོན། གཞས་མ་གཏམ། རིག་གཞུང་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་སྒྱུ་རྩལ་ཞིག་ཡིན་པས་བོད་མི་རིགས་ཀྱི“ཤེས་བྱ་ཀུན་བཏུས”དང་ས་གནས་ཟློས་གར་གྱི“འགྱུར་རྡོ་གསོན་པོ”ཞེས་པའི་མཚན་སྙན་ཡོད། 2009ལོར་མཉམ་འབྲེལ་རྒྱལ་ཚོགས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་གཞུང་ནང་ཚུད་པ་རེད།

    2018ལོར་ལྷ་ས་གྲོང་ཁྱེར་གྱིས“ལྷ་མོའི་འཁྲབ་སྟོན་གྱི་ནམ་དུས”འགོ་ཚུགས་པ་དང་། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་གྱི་དམངས་ཕན་འདུ་འགོད་ལ་བརྩིས་ཏེ་མིག་སྔའི་བར་སྐབས་གསུམ་བདེ་བླག་ངང་གཉེར་བ་དང་རིམ་རྩིས་བྱས་ན། དམངས་ཁྲོད་ལྷ་མོ་ཚོགས་པ་28ཀྱིས་རེས་མོས་འཁྲབ་སྟོན་ཐེངས་37བྱས་པར་ལྟད་མོ་བ་མི་ཐེངས་ཁྲི་11.5ཟིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ལྷ་མོའི་ནམ་དུས་ནི་ཟླ་5ཚེས་29ཉིན་ནས་ཟླ་7ཚེས་17ཉིན་བར་ཡིན་པ་དང་ཁྱོན་འཁྲབ་སྟོན་ཐེངས་བརྒྱད་བྱ་རྒྱུ་ཡིན་པ་རེད།

    “ཞིང་དལ་དང་ལྷ་སའི་གནམ་གཤིས་ཡག་ཤོས་ཀྱི་དུས་སུ་ལྟད་མོ་བ་དང་ཡུལ་སྐོར་བར་གཟའ་སྤེན་པར་ལྷ་མོ་འཁྲབ་སྟོན་བྱ་རྒྱུ་ཡིན་པ་དང་དེ་ལྟར་བྱས་ཚེ་མང་ཚོགས་ཀྱི་ལྷ་མོ་ལྟ་བའི་དགོས་མཁོ་སྐོང་ཐུབ་པ་དང་ཆབས་ཅིག་དམངས་ཁྲོད་ཀྱི་ལྷ་མོ་དར་སོ་ཆེ་རུ་འགྲོ་རྒྱུ་རེད། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་ལྷ་མོར་སྔར་བཞིན་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད”ཅེས་ལྷ་ས་གྲོང་ཁྱེར་མངོན་མིན་རིག་གནས་ཤུལ་བཞག་ལྟེ་གནས་ཀྱི་ལས་དོན་མི་སྣ་བློ་བཟང་གིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།