ཆབ་མདོ་གྲོང་ཁྱེར་གྱིས་བྲག་ཕུག་ལྷ་ཁང་ལ་ཆེད་དོན་བརྟག་དཔྱད་བྱས་པ།
རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་བཀྲམ་པའི《བྲག་ཕུག་ལྷ་ཁང་སྲུང་སྐྱོང་བེད་སྤྱོད་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཆབ་མདོ་གྲོང་ཁྱེར་རིག་གནས་ཅུས(རིག་དངོས་ཅུས)ཀྱིས་དུས་ཐོག་ཏུ་སོ་སོའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཆེད་དོན་བརྟག་དཔྱད་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཙུགས་ནས། ཉེ་དུས་ཆབ་མདོ་གྲོང་ཁྱེར་གྱི་བྲག་ཕུག་ལྷ་ཁང་ལ་ཆེད་དོན་བརྟག་དཔྱད་ཀྱི་ལས་དོན་སྤེལ་ཏེ་བྲག་ཕུག་ལྷ་ཁང་གི་སྲུང་སྐྱོང་གནས་ཚུལ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་དང་བྲག་ཕུག་ལྷ་ཁང་སྲུང་སྐྱོང་གི་དུས་བབ་ལ་ཆ་ལག་ཚང་བའི་སྒོ་ནས་དབྱེ་ཞིབ་བྱས་པ་རེད།
ཆབ་མདོ་གྲོང་ཁྱེར་གྱི་རིམ་ཁག་བརྟག་དཔྱད་མི་སྣས་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་ཡི་རིགས་གཅིག་མཁས་ཅན་ཚོགས་པའི་མཛུབ་ཁྲིད་ནུས་ལྡན་འོག་ཐེངས་འདིའི་བྲག་ཕུག་ལྷ་ཁང(བྲག་བརྐོས་སྐུ་བརྙན)གི་བརྟག་དཔྱད་ལས་དོན་ཁག་བདེ་བླག་ངང་ལེགས་སྒྲུབ་བྱས་པས། བརྟག་དཔྱད་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། མིག་སྔའི་བར་བརྟག་དཔྱད་ཚོགས་ཆུང་གིས་ཆབ་མདོ་གྲོང་ཁྱེར་གྱི་ཁ་རུབ་དང་། འཇོ་མདའ། དཔལ་འབར། བྲག་གཡབ། ལྷོ་རོང་། མཛོ་སྒང་། རི་བོ་ཆེ། སྨར་ཁམས་བཅས་རྫོང(ཆུས)8ལ་བརྟག་དཔྱད་ལས་དོན་སྤེལ་ནས་བྲག་ཕུག་ལྷ་ཁང(བྲག་བརྐོས་སྐུ་བརྙན)སྣ་ཚོགས་34འཚོལ་བསྡུ་བྱས་པ་ལས་བྲག་ཕུག་ལྷ་ཁང་4དང་བྲག་བརྐོས་སྐུ་བརྙན་30ཡོད་པ་རེད། ཐེངས་འདིའི་བརྟག་དཔྱད་དང་འཚོལ་བསྡུ་བྱེད་རིང་བརྟག་དཔྱད་ཚད་ལྡན་གྱི་རྩ་དོན་ལ་ནན་པོར་གཞིགས་ནས་འཚོལ་བསྡུ་བྱས་ཤིང་། འཚོལ་བསྡུའི་ནང་དོན་གཙོ་བོའི་གྲས་སུ་བྲག་ཕུག་ལྷ་ཁང(བྲག་བརྐོས་སྐུ་བརྙན་ཚུད་པ)གི་གཞི་རྩའི་གནས་ཚུལ་དང་། ཉར་ཚགས་ཀྱི་གནས་ཚུལ། ཉེན་ཁ་གཙོ་བོ། བྲག་ཕུག་ལྷ་ཁང་གི་གཏོར་སྐྱོན་གནས་ཚུལ། སྲུང་སྐྱོང་དོ་དམ་གྱི་གནས་ཚུལ། པར་རིས། ངོས་རིས་བཅས་ཕྱོགས་7ཚུད་ཡོད་པ་རེད།
བྲག་ཕུག་ལྷ་ཁང(བྲག་བརྐོས་སྐུ་བརྙན)གི་ཆེད་དོན་བརྟག་དཔྱད་ལས་དོན་ནི་རིག་དངོས་ཀྱི་རྨང་གཞིའི་རང་བཞིན་ལ་བརྟག་དཔྱད་བྱེད་པའི་ལས་དོན་གལ་ཆེན་ཞིག་རེད། ཐེངས་འདིའི་བརྟག་དཔྱད་བརྒྱུད“ལོ་ལྔ་ཚན་བཅུ་བཞི་པའི”རིང་ཆབ་མདོ་གྲོང་ཁྱེར་གྱི་བྲག་ཕུག་ལྷ་ཁང(བྲག་བརྐོས་སྐུ་བརྙན)སྲུང་སྐྱོང་གི་ལས་དོན་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།