རྒྱ་ཆེའི་དད་ལྡན་མང་ཚོགས་དང་། གྲྭ་བཙུན། ཡུལ་སྐོར་བ་རྣམས་ལ་ཞུ་རྒྱུར། མིག་སྔར། ཁྱིམ་མཚེས་རྒྱལ་ཁབ་འགར་རིམས་ནད་ཚོད་འཛིན་མི་ཐུབ་པར་རྒྱ་ཁྱབ་ངང་མཆེད་བཞིན་ཡོད་པ་དང་། རྒྱལ་ནང་དུ་ཕྱི་ནས་འགོས་པ་གཏན་འཁེལ་བྱུང་བའི་ནད་དཔེ་རྒྱུན་མཐུད་ཐོན་པ་མ་ཟད། ངོ་བོ་འགྱུར་བའི་ནད་དུག་ཤེས་རྟོགས་བྱུང་ཡོད་པས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་སྔར་བཞིན་ཛ་དྲག་པོ་ཡོད། ལྷག་པར་དུ་ས་ག་ཟླ་བ་འཆར་ལ་ཉེ་བས། ས་ག་ཟླ་བའི་དུས་འཁོར་རིང་བ་དང་། ཞུགས་མཁན་མི་འབོར་མང་བ། མི་སྣ་འདུ་འཛོམས་ཆེ་བ་བཅས་ཡོད་པར་བརྟེན། རིམས་ནད་འགོ་བའི་ཉེན་ཁ་ཧ་ཅང་ཆེན་པོ་ཡོད། ཚེ་སྲོག་གོང་དུ་བཀུར་བའི་རྩ་དོན་གཞིར་བཟུང་། ང་ཚོས་གྲོས་འགོ་འདོན་རྒྱུ་གཤམ་གསལ། གཅིག དད་ལྡན་མང་ཚོགས་རྣམས་ཀྱིས་རང་སྲུང་འདུ་ཤེས་ཟབ་ཏུ་བཏང་སྟེ། ཏང་དང་སྲིད་གཞུང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་ཐབས་ཁག་ལ་རང་འགུལ་ངང་གཞོགས་འདེགས་ཡག་པོ་བྱས་ནས། ཏོག་གསར་རིམས་འགོག་སྨན་ཁབ་རང་འགུལ་ངང་གཟེད་པ་དང་། ཕྱིར་ཉུང་ཙམ་སྐྱོད་པ། འདུ་འཛོམས་ཉུང་ཙམ་བྱེད་པ། ཁ་རས་རྒྱག་པ། ལག་པ་ཡང་སེ་འཁྲུ་བ། ཐག་ཉེ་ས་དང་སྟབས་བདེ་སར་མཆོད་མཇལ་དང་ཞབས་སྐོར་ལ་འགྲོ་བ་ལས། རྩེ་སྐོར་དང་། བར་སྐོར། གླིང་སྐོར་སོགས་མི་སྣ་འདུ་འཛོམས་ཆེ་སར་མི་འགྲོ་བ་དང་། ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་ནས་ཡ་རབས་ངང ་བསང་ཁ་བསང་གསོལ་ དང་ལུགས་མཐུན་ངང་ཚེ་ཐར་གཏོང་བ་སོགས་བྱེད་དགོས། གཉིས། རྒྱ་ཆེའི་གྲྭ་བཙུན་ཚོས་རང་འགུལ་ངང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ཡག་པོ་བྱས་ཏེ། ཁ་རས་རྒྱག་པ་དང་། ལག་པ་ཡང་སེ་འཁྲུ་བ། ཁང་པའི་ནང་རྟག་ཏུ་རླུང་འགྲོ་ཐུབ་པ་བཅས་བྱེད་པ་མ་ཟད། དུས་བཀག་ལྟར་ཚ་བ་ལྟ་བ་དང་སྤྱི་པའི་འདུ་འཛོམས་བྱ་ཡུལ(དངོས་རྫས)དུ་དུག་སེལ་བྱེད་པ་དང་། ཏོག་གསར་རིམས་འགོག་སྨན་ཁབ་དུས་ཐོག་ཏུ་གཟེད་དགོས་ལ། རང་འགུལ་ངང་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སྤེལ་བ་དང་ཤིང་འཛུགས་ནགས་བཟོའི་བྱེད་སྒོར་ཞུགས་ཏེ། དགོན་པ་དང་དེའི་མཐའ་འཁོར་གྱི་ཁོར་ཡུག་མཛེས་སུ་གཏོང་དགོས། གསུམ། རྒྱ་ཆེའི་ཡུལ་སྐོར་བས་ཆོས་མཇལ་དང་ཡུལ་སྐོར་བྱེད་རིང་། ཚ་བ་ལྟ་མཁན་ལ་རང་འགུལ་ངང་གཞོགས་འདེགས་བྱས་ཏེ་ལྟ་སྐོར་བྱེད་རིང་ཁ་རས་རྒྱག་པ་དང་། ཡ་རབས་དང་གོ་རིམ་ལྡན་པའི་སྒོ་ནས་ལྟ་སྐོར་བྱེད་པ་ལས། དགོན་པའི་ནང་ཡུན་རིང་མི་སྡོད་པ་དང་མི་མང་པོ་འཛོམས་སར་འགྲོ་མི་རུང་། བཞི། རྒྱ་ཆེའི་དགོན་སྡེ་ཁག་གིས་རང་འགུལ་ངང་དགོན་པའི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་དང་། གྲྭ་བཙུན་གྱི་གཟུགས་གཞི་བདེ་ཐང་སྲུང་སྐྱོང་། རིམས་ནད་ཕྱི་ནས་འགོ་བའི་ཉེན་ཁར་འགོག་ཟོན་བྱེད་པ་བཅས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ནས། དགོན་སྡེར་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རྒྱུའི་སྐོར་གྱི་ཏང་དང་སྲིད་གཞུང་གི་བྱ་ཐབས་དོན་འཁྱོལ་ཏན་ཏིག་བྱས་ཏེ། འཆར་ཅན་གྱི་ཆོས་ལུགས་བྱེད་སྒོ་ཁག་སྟབས་བདེའི་ངང་སྤེལ་དགོས། ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱིས།
འགན་འཁུར་རྩོམ་སྒྲིག་པ། 尼玛曲珍