བོད་ཀྱི་དཔེ་ཆ་བ་ཕུལ་བྱུང་151ལ་དགེ་བཤེས་ལྷ་རམས་པའི་མཚན་གནས་ཐོབ་པ།
ཟླ་4ཚེས་5ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆོག་མཆན་གནང་བ་བརྒྱུད། 2021ལོའི་བོད་རང་སྐྱོང་ལྗོངས་བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་པ་དང་ལག་ཁྱེར་སྤྲོད་པའི་མཛད་སྒོ་ལྷ་ལྡན་གཙུག་ལག་ཁང་དུ་འཚོགས་པ་རེད།
2021ལོའི་བོད་རང་སྐྱོང་ལྗོངས་བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་ལྷ་རམས་པའི་མཚན་གནས་ལེན་པའི་དབྱར་དུས་ཀྱི་གྲ་སྒྲིག་རྒྱུགས་2020ལོའི་ཟླ་9པར་འབྲས་སྤུངས་དགོན་དུ་ཐུགས་གྲ་ལེགས་འགྲིག་བྱུང་ཞིང་། ལྷ་ས་དང་། གཞིས་རྩེ། ལྷོ་ཁ། ཆབ་མདོ། ནག་ཆུ། དེ་བཞིན་ཡུན་ནན་གྱི་བདེ་ཆེན་ཀྲོའུ་བཅས་ཀྱི་འབྲེལ་ཡོད་དགོན་པའི་དགེ་འདུན་པ་13ལ་དམ་འཇོག་ཐོབ་ཐང་རག་ཡོད་པ་རེད།
དགེ་བཤེས་ལྷ་རམས་པ་ནི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་དགེ་འདུན་པས་མདོ་ལུགས་སྒོམ་སྒྲུབ་གནང་བའི་སློབ་གནས་མཐོ་ཤོས་ཤིག་རེད། རྒྱུགས་དེ་གྲ་སྒྲིག་རྒྱུགས་དང་དམ་འཇོག་གཉིས་སུ་ཕྱེ་ཞིང་། རྒྱུགས་གཉིས་ཀ་འཕྲོད་ན་གཞི་ནས་མཚན་གནས་ཐོབ་ཀྱི་ཡོད། 2003ལོའི་ཟླ་1ཚེས་30ཉིན་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས《བོད་རང་སྐྱོང་ལྗོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པས་རྒྱུགས་སྤྲད་པ་བརྒྱུད་དགེ་བཤེས་ལྷ་རམས་པའི་སློབ་གནས་སུ་རིམ་སྤོར་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས》དངོས་སུ་ཁྱབ་བསྒྲགས་བྱས་ཡོད། མིག་སྔའི་བར་བོད་རང་སྐྱོང་ལྗོངས་སུ་དགེ་བཤེས་ལྷ་རམས་པའི་མཚན་གནས་ཐོབ་པའི་དཔེ་ཆ་བ་ཕུལ་བྱུང་151ཡོད་པ་རེད།