
དུས་རབས་20པའི་ལོ་རབས་50པའི་སྔ་རོལ་དུ་རྒྱལ་ཕྱིའི་མཁས་དབང་དང་མྱུལ་དཔྱད་པ་འགའ་ཤས་ཀྱིས་བོད་བྱང་ཐང་གི་སྐོར་གླེང་སྐབས། ཡུལ་དེ་ནི་འཇིགས་སྣང་ཆེ་བ་མ་ཟད། ཐ་ན་གདུག་རྩུབ་ཆེ་བའི་ཡུལ་མྱ་ངམ་ཐང་ཞིག་ཏུ་སྒྲོ་འདོགས་ངང་བརྗོད་ཀྱི་ཡོད། དོན་དངོས་ཐོག་ནག་ཆུ་ཉམས་སུ་མྱོང་ཚེ་ཡངས་ཤིང་རྒྱ་ཆེ་བའི་ཡུལ་ཁམས་འདི་ཞང་ཞུང་རིག་གནས་དར་རྒྱས་གོང་འཕེལ་དང་རྒྱུན་འཛིན་གྱི་ས་ཁོངས་གལ་ཆེན་གྱི་གྲས་ཤིག་ཡིན་པ་ཚོར་ཐུབ་ངེས། ཡུལ་ཁམས་འདི་ཤར་རྒྱུད་དང་། ནུབ་རྒྱུད། དབུས་རྒྱུད་བཅས་ཁུལ་ཆེ་བ་གསུམ་ལ་དབྱེ་བ་དང་དམིགས་བསལ་གྱི་དམངས་སྲོལ་དང་རང་བྱུང་མཛེས་ལྗོངས་ཀྱིས་རབ་ཏུ་བརྒྱན་ཡོད། མི་རབས་ནས་མི་རབས་བར་འདི་གར་འཚོ་བཞིན་པའི་འབྲོག་པ་ཚོས་མེས་པོའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྤོབས་སེམས་སྐྱེ་འོས་པའི་དག་ཞིང་འདི་བརྟན་པོར་བསྲུངས་ནས་ངོ་མཚར་ཆེ་བའི་འབྲོག་པའི་ལོ་རྒྱུས་རིག་གནས་གསར་དུ་བཏོད་ཡོད།
ཉེ་བའི་ལོ་ཤས་རིང་། བོད་ཀྱི་ཡུལ་སྐོར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ནག་ཆུ་འདི་ཉིད་ལས་སྐྱེ་བོ་ཀུན་གྱི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་པའི་ཉམས་སྣང་མངོན་བཞིན་མཆིས། སྔོན་ཆད་དུས་ཡུན་རིང་པོ་ཞིག་གི་ནང་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་རིག་གཞུང་ཞིབ་འཇུག་གི་ལས་ལ་གཞོལ་བཞིན་པའི་བོད་རིག་པ་མཁས་ཅན་དཔལ་འབྱོར་དང་དོན་གྲུབ་ལྷ་རྒྱལ་གྱིས་དེ་ལྟར་ངོས་འཛིན་བྱེད་ཀྱི་ཡོད།

▲ 《བྱང་ཐང་ཉམས་སུ་མྱོང》ཞེས་པའི་དེབ་ཀྱི་རྒྱབ་ཤ།
ཉེ་དུས་པར་རིས་དང་ཡི་གེ་མཉམ་དུ་སྤྱད་པའི《བྱང་ཐང་ཉམས་སུ་མྱོང》ཞེས་པའི་དཔེ་དེབ་ཅིག་པར་སྐྲུན་བྱས་ཡོད། དཔེ་དེབ་འདི་ནི་ཕ་ཡུལ་ནག་ཆུ་ནས་ཡིན་པའི་བོད་རིག་པ་མཁས་ཅན་དཔལ་འབྱོར་དང་དོན་གྲུབ་ལྷ་རྒྱལ་གྱིས་མཉམ་ལས་རྩོམ་སྒྲིག་པར་སྐྲུན་བྱས་པའི་རིག་གནས་ཡུལ་སྐོར་རིགས་ཀྱི་དཔེ་དེབ་ཅིག་ཡིན་པ་མ་ཟད། ལོ་30ལྷག་ཙམ་རིང་རིག་གཞུང་ཞིབ་འཇུག་ལས་ལ་འབད་བཞིན་པའི་ཁོང་གཉིས་ཀྱིས་ནག་ཆུ་གྲོང་ཁྱེར་ཁོངས་གཏོགས་ཀྱི་རྫོང(ཆུས)11ལ་རྟོག་ཞིབ་དང་བརྟག་དཔྱད་ལ་ཐེངས་མང་བསྐྱོད་རྗེས་གོ་བདེ་ལ་ཤེས་སླ་བའི་སྐད་ཆའི་ཐོག་ནས་ནག་ཆུ་གྲོང་ཁྱེར་གྱི་འདས་དོན་དང་ད་ལྟའི་གནས་ཚུལ་དང་། དེ་བཞིན་མི་ཆོས་རིག་གནས་དང་རང་བྱུང་མཛེས་ལྗོངས་གཅིག་ཏུ་འདུས་པའི་དཔེ་དེབ་ཅིག་རེད།
སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི《བྱང་ཐང་ཉམས་སུ་མྱོང》ཞེས་པ་འདི་ཡང་བོད་ཀྱི་གནད་སྨིན་རིག་གནས་སྨྱན་སྦྱོར་འཕེལ་རྒྱས་ཚད་ཡོད་ཀུང་སིས། ཉེ་བའི་ལོ་ཤས་རིང་གསར་དུ་གཏོད་པའི་མི་ཆོས་ཀྱི་སྙིང་སྟོབས་དང་། རིག་གནས་ཀྱི་བརྡ་རྟགས། སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་བཅས་ངེས་ཅན་ལྡན་པའི་རིག་གནས་ཡུལ་སྐོར་ཐོན་རྫས་ཀྱི་གྲས་ཤིག་རེད། ཀུང་སི་དེའི་སྤྱི་ཁྱབ་སྤྱི་གཉེར་སྒྲོལ་མ་བདེ་སྐྱིད་ཀྱིས་ནག་ཆུར་སྔར་ནས་ད་བར་རིག་གནས་ཀྱི་གཞི་རྒྱུ་མེད་པ་མ་ཡིན། 《བྱང་ཐང་ཉམས་སུ་མྱོང》ཞེས་པའི་དཔེ་དེབ་འདི་ནི་དྲང་ནུས་གཅིག་ཏུ་འདུས་པའི་དྲང་ཕྱོགས་ཀྱི་དཔེ་དེབ་ཅིག་རེད་ཅེས་བརྗོད།
“ང་རང་གཉིས་ཀ་ནག་ཆུར་འཚར་ལོངས་བྱུང་བའི་ས་སྐྱེས་རྡོ་སྐྱེས་ཀྱི་ནག་ཆུ་བ་ཡིན། སོ་སོའི་ཕ་ཡུལ་ལ་བཅངས་པའི་བརྩེ་བ་ནི་བཀྲུས་ནས་མ་དག་པ་ཞིག་ཡོད། ལོ་30ལྷག་ཙམ་རིང་རིག་གཞུང་ཞིབ་འཇུག་ལ་འབད་མྱོང་བའི་ང་རང་གཉིས་པོས་སྐྱས་སྤོས་འབྲོག་པའི་རིག་གནས་ལ་རྒྱུས་མངའ་ངེས་ཅན་ཡོད། ཞང་ཞུང་རིག་གནས་བར་ཁྱམས་ཀྱི་གསུམ་ཆ་གཉིས་ཙམ་བཟུང་བའི་ནག་ཆུའི་ལོ་རྒྱུས་རིག་གནས་དང་། རིག་དངོས་གནའ་ཤུལ། རང་བྱུང་མཛེས་ལྗོངས། ཤོད་རྒྱུན་བཅས་བསྡུ་རུབ་དང་ལེགས་སྒྲིག་བྱས་ན། ས་གནས་དེ་གའི་ཡུལ་སྐོར་དང་རིག་གནས་གོང་འཕེལ་འགྲོ་རྒྱུར་ཕན་ཐོགས་ངེས་ཅན་ཞིག་ཐོན་ངེས་ཡིན་པའི་བསམ་བློ་ཞིག་བཅངས་ནས《བྱང་ཐང་ཉམས་སུ་མྱོང》ཞེས་པའི་དཔེ་དེབ་འདི་རྩོམ་སྒྲིག་པར་སྐྲུན་བྱས་པ་ཡིན”ཞེས་དཔལ་འབྱོར་གྱིས་བརྗོད།
2012ལོར་ནག་ཆུ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡིས་རིག་གནས་དང་། ཡུལ་སྐོར། རླུང་འཕྲིན་བརྙན་འཕྲིན་སོགས་ཚན་པ་མང་པོ་སྒྲིག་འཛུགས་བྱས་པ་མ་ཟད། ལྷག་དོན་དུ་མཁས་དབང་དང་རིགས་གཅིག་མཁས་ཅན་ཁག་གཅིག་གདན་དྲངས་ནས་ནག་ཆུའི་རྫོང(ཆུས)11དང་མངའ་རིས་དང་ཆབ་མདོའི་རྫོང(ཆུས)ཁག་གཅིག་ཏུ་དུས་ཡུན་ལོ་ལྔ་ཡི་རིང་འདྲི་རྩད་ལ་བསྐྱོད་རྗེས《ཞང་ཞུང་རིག་གནས་བར་ཁྱམས》གྲུབ་ཡོད། དཔལ་འབྱོར་དང་དོན་གྲུབ་ལྷག་རྒྱལ་མཁས་དབང་གཉིས་པོ་སྐབས་དེ་དུས་ལོ་རྒྱུས་རིག་གནས་བརྟག་ཞིབ་དང་རྟོག་ཞིབ་ལས་དོན་སྒྲུབ་པར་གདན་དྲངས་ཡོད། གོ་སྐབས་བཟང་པོ་དེ་ལས་ཁོང་གཉིས་ལ་དཔྱད་གཞི་ཐོག་མ་དང་པར་རིས་མང་པོ་ཞིག་རག་ཡོད།
“ཉེ་རབས་དང་དེང་རབས་ཚུན་དུ་རྒྱ་ཡིག་ཐོག་ནས་ནག་ཆུའི་སྐོར་འབྲི་མཁན་རྩོམ་པ་པོ་མཱ་ལི་ཧྭ་ཡི《བོད་བྱང་ཐང་སྐོར་བའི་ཟིན་ཐོ》དང་དགེ་ལེགས་ཀྱི《བོད་བྱང་ཐང་གི་འབྲོག་པ》ཞེས་པ་བྲིས་ཡོད་པ་ཕུད། ད་དུང་ངའི་དགེ་རྒན་ཆེ་མོ་བ་མེ·ཀོར་སི་ཐེན་གྱི《བོད་ཀྱི་ནུབ་རྒྱུད་འབྲོག་པ》ཞེས་པ་དེ་དག་ནང་བོད་བྱང་ཐང་གི་སྐྱས་སྤོས་འབྲོག་པའི་རིག་གནས་སྐོར་ལ་དཔེ་མི་སྲིད་པའི་ངོ་སྤྲོད་བྱས་འདུག འོན་ཀྱང་ཀློག་དེབ་དེ་དག་བཏོན་ནས་དུས་ཡུན་རིང་པོ་སོང་ཟིན་པས་ནག་ཆུའི་རྣམ་པ་གསར་པ་ངོ་སྤྲོད་བྱུང་མེད་པ་མ་ཟད། ཀློག་དེབ་དེ་དག་ནང་ས་ཁོངས་གང་རུང་ཞིག་ངོ་སྤྲོད་རྒྱས་པོ་བྱས་ཡོད་ནའང་ནག་ཆུ་གྲོང་ཁྱེར་གྱི་རྫོང(ཆུས)11གི་མི་ཆོས་རིག་གནས་དང་དམངས་སྲོལ་གོམས་གཤིས་སོགས་ཕྱོགས་གང་ས་ཅི་ཐད་ནས་ངོ་སྤྲོད་བྱས་མེད་པས། ནག་ཆུ་གྲོང་ཁྱེར་གྱི་ས་ཁོངས་མི་འདྲ་བའི་ཁྱད་པར་དང་ཁྱད་ཆོས་མངོན་མེད། དེས་ན་ང་ཚོས་ལེགས་སྒྲིག་བྱེད་འགོ་བརྩམས་པ་ཡིན། སྐབས་དེ་དུས་ནག་ཆུའི་དམངས་སྲོལ་གོམས་གཤིས་དང་མི་ཆོས་སྐོར་གྱི་དེབ་འདོན་རྩིས་ཡོད་པ་གནད་སྨིན་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ལས་འཛིན་ཚེ་དབང་བཀྲ་ཤིས་དང་ཁོང་གི་བུ་མོ་སྒྲོལ་མ་བདེ་སྐྱིད་ཀྱི་བསམ་འདུན་དང་ཡོངས་སུ་མཐུན་པས། བློ་སེམས་གཅིག་མཐུན་བྱུང་བའི་ང་ཚོས་དེབ་འདི་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་ཡིན”ཞེས་དཔལ་འབྱོར་གྱིས་ངོ་སྤྲོད་བྱས།
“ད་རེས་ནག་ཆུར་རྟོག་ཞིབ་ཏུ་སྐྱོད་སྐབས་ངར་མྱོང་བ་ཟབ་ཤོས་ཤིག་བྱུང་བ་ནི་ནག་ཆུའི་ནུབ་ངོས་སུ་གནས་པའི་ཉི་མ་རྫོང་ནི་མི་མང་པོ་ཞིག་གི་བསམ་པར་ས་ཐག་རིང་བ་དང་ས་བབ་མཐོ་བ་མ་ཟད། རིག་གནས་དང་ལོ་རྒྱུས་ཀྱི་གནའ་ཤུལ་དེ་ཙམ་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་འདི་གར་རྟོག་ཞིབ་གཏིང་ཟབ་བྱས་ན་འདི་ག་ནི་ཞང་ཞུང་གི་ཆབ་སྲིད་ལྟེ་བ་ཡིན་པ་མ་ཟད། ང་ཚོས་བསམ་མི་ཕོད་པའི་སྐྱས་སྤོས་རིག་གནས་དར་མྱོང་བ་སོགས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་ད་དུང་ཉར་ཚགས་གང་ལེགས་བྱུང་འདུག”ཅེས་དཔལ་འབྱོར་གྱིས་བརྗོད།
དོན་གྲུབ་ལྷ་རྒྱལ་ནི་རྒྱལ་ནང་གི་བོན་ཆོས་ཞིབ་འཇུག་པའི་གྲས་ཤིག་ཡིན་ཞིང་། ཁོང་གིས་ཞང་ཞུང་རིག་གནས་གནའ་ཤུལ་སྐོར་ལ་དུས་ཡུན་རིང་པོ་ས་གནས་ས་ཐོག་ཏུ་རྟོག་ཞིབ་བྱེད་མྱོང་བ་མ་ཟད། ནག་ཆུའི་སྔ་དུས་ཀྱི་ཤེས་དཔལ་དང་དེ་བཞིན་ཞང་ཞུང་ཤེས་དཔལ་སྐྱས་སྤོས་སྤྱི་ཚོགས་སུ་ཉར་ཚགས་དང་རྒྱུན་འཛིན་གང་འདྲ་བྱུང་མིན་སྐོར་ལ་རྒྱུས་མངའ་ཤིན་ཏུ་ཆེན་པོ་ཡོད། “ནག་ཆུ་ནི་ཞང་ཞུང་རིག་གནས་འཕེལ་རྒྱས་དང་བརྒྱུད་བསྒྲགས་ཀྱི་གནས་གལ་ཆེན་གྱི་གྲས་ཤིག་ཡིན”ཞེས་པའི་ངོས་འཛིན་འདི་འདྲ་བྱེད་པའི་རྨང་གཞིའི་ཐོག་དེབ་འདིའི་ནང་ཞང་ཞུང་དང་དེའི་མངའ་ཁོངས་དང་ཞང་ཞུང་རིག་གནས་སྐོར་གྱི་ཐ་སྙད་དང་དེ་བཞིན་དེའི་ཁྱད་ཆོས་ལ་དབྱེ་མཚམས་གསལ་པོ་ཕྱེ་ཡོད་ཅེས་བརྗོད།

▲ ངོ་མཚར་ཤིན་ཏུ་ཆེ་བའི་བྱང་ཐང་གི་མཛེས་ལྗོངས།
(བཀྲ་ཤིས་ཚེ་དབང་གིས་བསྒྱུར)