པཎ་ཆེན་རིན་པོ་ཆེའི་འགན་སྒྲུབ་དང་འཚར་ལོངས་ཀྱི་མྱོང་བརྒྱུད།
“གོམ་སྟབས་རྗེས་མའི་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་ལྟེ་བའི་ལས་འགན་ཁྲོད་དུ་ནང་བསྟན་གྱིས་ནུས་པ་ཅི་འདྲ་ཐོན་ཐུབ་བམ། ཚོགས་འདུའི་རིང་ངས་དོན་དེར་གོ་བ་གཏིང་ཟབ་ལེན་པ་དང་། སློབ་སྦྱོང་ཧུར་ཐག འཚོལ་ཞིབ་ཡང་དག་བཅས་བྱས་པ་མ་ཟད། དོན་ཐོག་ཏུ་འཁྱོལ་ཐབས་བྱས་པ་ཡིན”
ཟླ་3ཚེས་5ཉིན་གྱི་ཕྱི་དྲོར། སྲིད་གྲོས་ཆོས་ལུགས་རིགས་ཁོངས་ཀྱི་ཚོགས་ཆུང་གྲོས་བསྡུར་ཐེངས་དང་པོའི་ཐོག་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོའི་གསུང་བཤད་ཞི་ཞིང་འཇམ་ལ་ཁེངས་སྐྱུང་གུས་ཞབས་དང་ལྡན་པ་ཞིག་ཡོད།
འདི་ལོ་ནི་ཁོང་གིས་སྲིད་གྲོས་སུ་འགན་སྒྲུབ་གནང་བའི་ལོ་བཅུ་གཉིས་པ་དེ་རེད། 2010ལོར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གྱི་མཚན་ཐོག་ནས་པཎ་ཆེན་རིན་པོ་ཆེར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་ཐོག་མར་ཞུགས་པ་ཡིན་པ་དང་། 2013ལོའི་ཟླ་གསུམ་པར་ཁོང་སྐུ་ན་གཞོན་ཤོས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུར་བདམས་པ་རེད།
སྲིད་གྲོས་ཆོས་ལུགས་རིགས་ཁོངས་ཀྱི་ཨུ་ཡོན་ཚོར་ངོས་འཛིན་གཅིག་མཐུན་ཞིག་ཡོད་པ་སྟེ། པཎ་ཆེན་རིན་པོ་ཆེའི་ནང་རིག་པའི་མཁྱེན་རྒྱ་ཉིན་བཞིན་ཡངས་སུ་འགྲོ་བ་དང་སྲིད་ཞུགས་སྲིད་གླེང་གི་འཇོན་ཐང་ཟམ་མི་ཆད་པར་ཇེ་ཆེར་ཕྱིན་ཏེ་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཉམས་འགྱུར་བཟང་པོ་མངོན་བཞིན་ཡོད་པ་དེ་རེད།
“སྲིད་གྲོས་ཀྱི་ཨུ་ཡོན་ནི་གཟི་བརྗིད་ཅིག་རེད་ལ་འགན་འཁྲི་ཞིག་དེ་བས་རེད” བགྲང་བྱ་བཅུ་གཅིག་རིང་ངས་འགན་སྒྲུབ་དང་ཇུས་ཇི་ལྟར་འདོན་པའི་ཐད་སློབ་སྦྱོང་ཟབ་མོ་བྱས་པ་ཡིན་ལ། རྟོག་ཞིབ་དང་བརྟག་ཞིབ་མང་པོ་བྱ་ཆེད་ས་ཆ་མང་པོར་ཕྱིན་པ་ཡིན་ཞེས་གསུངས་པ་རེད།
ཁོང་གིས་རྒྱ་ཆེའི་རིགས་ཁོངས་ཀྱི་མང་ཚོགས་དང་ཐུག་འཕྲད་སྤེལ་རེས་གནང་སྟེ། ཀྲུང་དབྱང་གི་སྲིད་ཇུས་དྲིལ་བསྒྲགས་ཧུར་ཐག་གནང་བ་མ་ཟད། མང་ཚོགས་ཚོའི་སེམས་ཀྱི་འབོད་སྒྲ་དང་འདུན་པ་སྲིད་གྲོས་ཀྱི་སྲིད་གླེང་བྱེད་སར་བསྣམས་ཡོད་པ་རེད།
“མི་ཁག་གཅིག་གིས་ཆོས་ལུགས་རིགས་ཁོངས་ཀྱི་ཨུ་ཡོན་ལ་ཐོབ་ཐང་གཉིས་ལྡན་ཟེར་གྱི་ཡོད། ངའི་བསམ་པར་ཐོབ་ཐང་གཉིས་ལྡན་རུང་། ལངས་ཕྱོགས་གཅིག་ལས་མེད”ཅེས་གསུངས་པ་དང་། ཆོས་ལུགས་རིགས་ཁོངས་ཀྱི་སྲིད་གྲོས་ཨུ་ཡོན་གྱི་ལངས་ཕྱོགས་ནི་མེས་རྒྱལ་དང་མི་དམངས་དང་། ཏང་གི་སྲིད་ཇུས་དང་མཛད་ཇུས་ཀྱི་ཕྱོགས་སུ་རྦད་དེ་ལངས་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།
“ཚད་ལོན་པ་དང་མི་དམངས་བློ་ཡིད་ཚིམ་པའི་སྲིད་གྲོས་ཀྱི་ཨུ་ཡོན་ཞིག་བྱེད་པར་ད་དུང་ལམ་ཐག་རིང་པོ་ཡོད་པས་ངས་མུ་མཐུད་འབད་བརྩོན་བྱེད་ཀྱི་ཡིན”ཞེས་ཁོང་གིས་གསུངས།
ན་ནིང་ཁོང་འཁྲུངས་ཡུལ་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་དུ་ཕེབས་ནས་གཟའ་འཁོར་གཅིག་རིང་རྟོག་ཞིབ་གནང་བ་དང་། ཁོང་གིས་ཡུལ་མི་སྤུན་མཆེད་ཀྱི་འཚོ་བ་སྔོན་ལས་འབྱོར་ཕྱུག་ལྡན་པ་གཟིགས་པ་རེད། “དུས་ཐུང་ལོ་ཁ་ཤས་རིང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་འབུར་དུ་ཐོན་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་ལེགས་སུ་ཕྱིན་པ་དང་དེ་བཞིན་བསམ་བློའི་འཁྱེར་སོ་ལེགས་སུ་ཕྱིན་འདུག”
“ཞིང་འབྲོག་པའི་བུ་ཕྲུག་ཅིག་ལ་མཚོན་ན་ངས་ཐོག་མཐའ་བར་གསུམ་དུ་རྩྭ་ཐང་སྟེང་གི་ཡུལ་མི་སྤུན་མཆེད་སེམས་ལ་བཅངས་ཡོད” ཁོང་གིས། རྒྱལ་ཁབ་ནི་ཁྱིམ་ཚང་ཁྲི་སྟོང་མང་པོ་ལས་གྲུབ་པ་དང་། ཕ་ཡུལ་ལ་བཅངས་པའི་བརྩེ་བ་ཆེ་རུ་ཕྱིན་ན་གཞི་ནས་རྒྱལ་ཁབ་ཀྱི་བརྩེ་བ་འབྱུང་སྲིད་ཅེས་གསུངས་པ་རེད།
རིམས་ནད་ཐོན་རིང་། ཁོང་གིས་རང་འགུལ་ངང་ཞལ་འདེབས་བསྐྱོན་པ་མ་ཟད། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་དང་ལྷན་དུ་འབོད་སྐུལ་ཡི་གེ་3བཏང་ནས་བོད་ཀྱི་ས་གནས་དང་གྲོང་ཁྱེར་ཁག་གི་ནང་བསྟན་མཐུན་ཚོགས་དང་། དགོན་སྡེ། གྲྭ་བཙུན་བཅས་ལ་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གནས་སྐབས་སྒོ་རྒྱག་པ་དང་། འདུ་འཛོམས་རང་བཞིན་གྱི་ཆོས་ལུགས་བྱེད་སྒོ་གནས་སྐབས་མཚམས་འཇོག་པ། དད་ལྡན་མང་ཚོགས་ལ་ཁྲིད་སྟོན་དང་སེམས་གསོ་གཏོང་བ་སོགས་བྱེད་དགོས་པའི་འབོད་སྐུལ་གནང་བ་རེད།
རང་བྱུང་གནོད་འཚེ་དང་། བོད་ཀྱི་གངས་སྐྱོན། ཀུའེ་ཀྲོའུ་ཡི་འཁྱག་གྲང་གི་གནོད་འཚེ། དབུན་ཁྲོན་གྱི་ས་ཡོམ། ལུའུ་ཏེན་གྱི་ས་ཡོམ། ནེ་པ་ལའི་ས་ཡོམ་སོགས་འཕྲད་སྐབས་པཎ་ཆེན་རིན་པོ་ཆེས་འཕྲིན་ཡིག་སྤྲིངས་པའམ་ཡང་ན་བསྔོ་སྨོན་གནང་ནས་གེགས་ཁུལ་ལ་གསོལ་བ་སྨོན་ལམ་བཏབ་ཡོད།
དུས་ཚོད་ནི་ཡུད་ཙམ་ཞིག་ལ་འདས་ཏེ་འདི་ལོ་པཎ་ཆེན་རིན་པོ་ཆེ་དགུང་ལོ་31ལ་ཕེབས་ཀྱི་ཡོད། ཁོང་གིས་རང་ཉིད་ལ“རིན་པོ་ཆེ་སྐུ་གོང་མའི་ཐུགས་འདུན་དང་། ལོ་རྒྱུས་དང་དོན་དངོས་ཀྱིས་ང་ལ་དཀྲིས་པའི་འགན་འཁྲི། ཏང་དང་མི་དམངས་ཀྱིས་ང་ལ་གནང་བའི་རེ་སྒུག་བཅས་ལེགས་གྲུབ་ཡག་པོ་བྱེད་པའི”རེ་བ་བཏོན་གནང་ཡོད།
བློ་སྦྱོང་གནང་བའི་ཞོར་ལ་ཁོང་གིས་ཉིན་ལྟར་སྤྱི་ཚོགས་ཀྱི་མདོ་གནད་དང་རྒྱལ་སྤྱིའི་གསར་འགྱུར་ལ་དོ་སྣང་གནང་གི་ཡོད་པ་དང་དེ་བཞིན་ད་ཆའི་གཞོན་ནུ་ལོ་ཆུང་དང་ལྷག་པར་དུ“00རྗེས་སྐྱེས”དང“10རྗེས་སྐྱེས”ཚོས་གང་ལ་དགའ་པོ་དང་། དོ་ཁུར། ཡིད་སྨོན་བཅས་བྱེད་པར་དོ་ཁུར་གནང་གི་ཡོད།
ཉིན་ནས་ཉིན་དང་ལོ་ནས་ལོ་བསྟུད་དེ་འབད་བརྩོན་ཧུར་ཐག་གནང་བས་པཎ་ཆེན་རིན་པོ་ཆེར་མིག་རྒྱང་ཡངས་པོ་དང་ཤེས་རྒྱ་ཆེན་པོ་ལྡན་ཡོད། ཆེད་ལས་ཀྱི་ནང་བསྟན་གྱི་གོམས་སྦྱོང་བརྡར་གསུམ་ལས་ཁོང་གི་ནང་བསྟན་ཐད་ཀྱི་བློ་སྦྱོང་ཟམ་མི་ཆད་པར་ལེགས་སུ་འགྲོ་བཞིན་ཡོད།
འདི་ལོ་ནི་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བ་དང་བོད་ལ་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་ལོ་ཞིག་རེད།
པཎ་ཆེན་རིན་པོ་ཆེས“ང་རང་བོད་བརྒྱུད་ནང་བསྟན་རིགས་ཁོངས་ཀྱི་འཐུས་མི་དང་། པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་རིམ་བྱོན་གྱི་རྒྱུན་འཛིན་པ། དུས་རབས་གསར་པར་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་ལ་སྐུལ་འདེད་གཏོང་མཁན་བཅས་ཡིན་པའི་ངོས་ནས་བོད་དང་བོད་བརྒྱུད་ནང་བསྟན་གཉིས་ཀ་ལོ་རྒྱུས་འཕེལ་རྒྱས་ཀྱི་དུས་སྐབས་བཟང་ཤོས་སུ་གནས་པའི་ལོ་རྒྱུས་ཀྱི་གོ་སྐབས་བཟང་པོ་དང་འཕྲད་ཡོད”ཅེས་གསུངས་པ་རེད།
ཁོང་གིས“ངའི་སྐྱེ་བ་སྔོན་མ་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པས། བོད་བརྒྱུད་ནང་བསྟན་འདི་ཉིད་བསྟན་པ་ཡང་དར་གྱི་དུས་སྐབས་སུ་བསླེབ་རྒྱུ་རེད་ཅེས་གསུངས་མྱོང་། ངས་བསྟན་པ་ཡང་དར་ཞེས་པ་འདིར་བོད་རྒྱུད་ནང་བསྟན་འདི་ཉིད་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བའི་ཆ་རྐྱེན་འོག ཀྲུང་གོ་ཅན་གྱི་ཁ་ཕྱོགས་སུ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་ནས་དར་རྒྱས་ཆེན་པོ་བྱུང་སྟེ། བོད་རྒྱུད་ནང་བསྟན་གྱི་བསྟན་པ་སྔ་དར་དང་ཕྱི་དར་རྗེས་ཀྱི་ཡང་བསྐྱར་དར་རྒྱས་བྱུང་བའི་དུས་སྐབས་ཤིག་ལ་གོ་བ་ལེན་གྱི་ཡོད”ཅེས་གསུངས།
ཁོང་ཉིད་བསྟན་པ་ཡང་དར་ལ་ཡིད་ཆེས་དང་གདེང་ཚོད་བརྟན་པོ་ཡོད་པ་སྟེ། “འབྱུང་འགྱུར། བོད་བརྒྱུད་ནང་བསྟན་འདི་ཉིད་ངེས་པར་ཏུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད། སྤྱི་ཚོགས་བརྟན་ལྷིང་ལ་སྐུལ་སྤེལ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་ཕྱིན་ཚེ་ད་གཟོད་འོད་སྟོང་འཕྲོ་བའི་མདུན་ལམ་ལྡན”
ཕུགས་འདུན་སྐོར་གླེང་སྐབས། པཎ་ཆེན་རིན་པོ་ཆེས“མེས་རྒྱལ་དར་རྒྱས་དང་། མི་རིགས་མཐུན་སྒྲིལ། མི་དམངས་བདེ་སྐྱིད། འཛམ་གླིང་ཞི་བདེ་བཅས་ཡོང་བ་ནི་མི་སྒེར་གྱི་ཕུགས་འདུན་ཡིན་ལ། ནང་བསྟན་རིགས་ཁོངས་ཀྱི་དོན་གཉེར་བྱ་ཡུལ་ཡང་ཡིན་འོས”ཞེས་གསུངས་པ་རེད།