དབུ་ཤོག>བོད་ཀྱི་རིག་གནས།
  • སྣ་མཁར་ལྷ་མོ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2021-02-27

    ཉིན་ཤས་གོང་གསར་འགོད་པ་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་གྲོང་རྡལ་སྣ་མཁར་གྲོང་ཚོར་སླེབས་སྐབས། ས་ཆ་དེ་རི་ལྡེབས་སུ་ཆགས་པ་དང་། ཆུ་སྣ་འཛོམས་ལ་ཡུལ་ལྗོངས་ཧ་ཅང་ལྟ་ན་སྡུག་པ་ཞིག་འདུག “ཁང་པ་འདི་བརྒྱབ་ཚར་རྗེས། ང་ཚོའི་ལྷ་མོ་ཚོགས་པའི་འཁྲབ་སྟོན་བྱེད་ས་མང་དུ་འགྲོ་སྲིད”ཅེས་འདི་ལོ་ལོ་50ལ་སླེབས་པའི་ཨ་རྡོར་གྱིས་ལམ་འགྲམ་དུ་བརྒྱབ་པའི་ཐོག་བརྩེགས་ཁང་པ་གསར་པར་མཛུབ་མོ་འཛུགས་བཞིན་དུ་གསར་འགོད་པར་བཤད་བྱུང་། ཁོང་ནི་ས་སྐྱེས་རྡོ་སྐྱེས་ཀྱི་སྣ་མཁར་བ་ཞིག་ཡིན་པ་དང་། སྣ་མཁར་ལྷ་མོའི་རྒྱུན་འཛིན་པ་དང་ལྷ་མོའི་དགེ་རྒན་མི་རབས་བདུན་པ་རེད་ལ་སྣ་མཁར་ལྷ་མོའི་རུ་ཁག་གི་རུ་དཔོན་ཡང་རེད།

    རུ་དཔོན་ཨ་རྡོར་གྱིས་ངོ་སྤྲོད་བྱས་དོན། སྣ་མཁར་ལྷ་མོ་ཐོག་མར་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་དུ་དར་བ་དང་། རྗེས་སུ་དེའི་ཁྲོད་ཀྱི་མང་ཚོགས་མང་ཆེ་བ་མཚུར་ཕུ་ལུང་ཤུར་དུ་སྤོས་པ་དང་ཆབས་ཅིག ལྷ་མོའི་འཁྲབ་སྲོལ་ཡང་སྣ་མཁར་གྲོང་ཚོར་དར་ཁྱབ་བྱུང་ཡོད། སྣ་མཁར་གྲོང་ཚོའི་ལྷ་མོའི་རུ་ཁག་སྤྱི་ལོ་1700ཙམ་ལ་བཙུགས་པ་དང་ད་བར་ལོ་300ལྷག་ཙམ་གྱི་ལོ་རྒྱུས་ཡོད། དེ་སྔོན་མཚུར་ཕུ་དགོན་པ་ཁོ་ནར་འཁྲབ་སྟོན་བྱེད་པ་དང་། ད་ཆ་ལྷ་སར་གཅུང་པའི་ཉམས་འགྱུར་རྒྱུན་འཛིན་གྱི་ཐུན་མིན་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་ལྷ་མོའི་རུ་ཁག་གཅིག་པོ་དེ་ཆགས་པ་རེད། 1978ལོར་སྣ་མཁར་གྲོང་ཚོར་ལྷ་མོ་ཚོགས་པ་ཡང་བསྐྱར་བཙུགས་པ་དང་། ལོ་40ཙམ་གྱི་ལས་གཉེར་དང་འཕེལ་རྒྱས་གཏོང་རིང་སྣ་མཁར་ལྷ་མོ་ཚོགས་པའི་འཁྲབ་སྟོན་པས་ལྷ་མོའི་སྒྱུ་རྩལ་ལ་བཅངས་པའི་དགའ་ཞེན་དང་གནའ་བོའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་ཆེད། ལས་ཞོར་གྱི་ལྷ་མོའི་འཁྲབ་སྟོན་རུ་ཁག་གཅིག་ནས་ལྷ་མོའི་འཁྲབ་གཞུང་བརྒྱད་བྱང་ཆུབ་པོའི་སྒོ་ནས་འཁྲབ་ཐུབ་པའི་ཆེད་ལས་ཀྱི་ལྷ་མོའི་འཁྲབ་སྟོན་ཚོགས་པ་ཞིག་ཏུ་འཕེལ་རྒྱས་བྱུང་ཡོད། ལྷ་མོའི་རུ་ཁག་ལ་ད་ཆ་འཁྲབ་སྟོན་པ་35ཡོད་པ་ལས། ལོ་མཐོ་ཤོས་75དང་ཆུང་ཤོས་ལོ་18རེད། ད་ཆ་བོད་ཀྱི་ལོ་གསར་དང་། ཞོ་སྟོན། འོང་སྐོར་སོགས་དུས་ཆེན་རིང་ལྷ་མོའི་རུ་ཁག་གིས་ས་གནས་ཁག་ཏུ་བསྐྱོད་དེ་སྲོལ་རྒྱུན་གྱི་ལྷ་མོའི་འཁྲབ་གཞུང་བརྒྱད་འཁྲབ་སྟོན་བྱེད་ཀྱི་ཡོད་པ་དང་། ལྷ་མོའི་རུ་ཁག་ལའང་བྱ་དགའ་སྣ་ཚོགས་ཐོབ་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།