ཕྱར་བ་གྲུ་འདེགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས།
ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་ཐབས་ཇུས་དང་བཀོད་འདོམས་ནུས་ལྡན་འོག རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་མགྱོགས་མྱུར་རིམས་ནད་མཉམ་དུ་སྔོན་འགོག་དང་ཚོད་འཛིན་གྱི་ལམ་སྲོལ་བཙུགས་པ་དང་། བློ་རྩ་བརྟན་ལ་ནུས་ལྡན་གྱི་བྱ་ཐབས་རབ་དང་རིམ་པ་སྤྱད་དེ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། ལྟ་རེས་སྐྱོང་རེས། བློ་བརྟན་འགྱུར་མེད། འབད་འཐབ་ལྷོད་མེད་བཅས་བྱས་ཏེ། མི་རྣམས་ཧང་སངས་དགོས་པའི་ཀྲུང་གོའི་སྟོབས་ཤུགས་དང་ཀྲུང་གོའི་སྙིང་སྟོབས་མངོན་པ་དང་། འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི“ཀྲུང་གོས་རིམས་ནད་ལ་འཐབ་པའི་གཏམ་རྒྱུད”བརྩམས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་རིམས་ནད་མཉམ་འགོག་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་ནུས་ཤུགས་ཡོད་རྒུས་རྒྱལ་ཁ་ལེན་ཆེད་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱས་ཡོད།
ཏང་དང་སྲིད་གཞུང་གིས་ལོ་མང་རིང་གསོ་སྐྱོང་གནང་བའི་ན་གཞོན་སྤྲུལ་སྐུ་ཞིག་ཡིན་པའི་ངས། ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆོས་ལུགས་ལས་རིགས་ཀྱི་འཐུས་མིར་བཀའ་སློབ་ཟབ་མོ་གནང་བ་དང་ཐུགས་རེ་ཟབ་མོ་བཅོལ་བ་དག་གུས་པའི་སྒོ་ནས་དང་དུ་ལེན་ཞིང་ལག་བསྟར་བྱེད་བཞིན་ཡོད། དེ་དང་ཆབས་ཅིག་ཏང་དང་སྲིད་གཞུང་གི་འབོད་སྐུལ་དང་ནང་བསྟན་མཐུན་ཚོགས་ཀྱི་གྲོས་འགོ་དང་ལེན་ཧུར་ཐག་ཞུས་ནས། བླ་མ་སྐྱེས་ཆེན་གཞན་དག་དང་མཉམ་དུ་རང་འགུལ་ངང་གསར་འགྱུར་སྨྱན་སྦྱོར་ཐོག་སྐད་ཆ་བཤད་པ་དང་། གྲྭ་དམངས་དང་དད་ལྡན་མང་ཚོགས་ལ་སློབ་གསོ་ཁྲིད་སྟོན་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བྱས་པ་ཡིན་ལ། ཀརྨ་བཀའ་བརྒྱུད་ཀྱི་དགོན་སྡེ་ཁག་དང་གྲྭ་དམངས་ཀྱིས་རང་འགུལ་ངང་ཞལ་འདེབས་རྒྱག་པར་ཁྲིད་སྟོན་ཧུར་ཐག་བྱས་པ་མ་ཟད། རང་ཉིད་ཀྱིས་ཀྱང་དངུལ་སྨར་སྒོར་ཁྲི་1ཞལ་འདེབས་བརྒྱབ་ནས་ཐུན་མོང་ཐོག་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་རམ་འདེགས་ཞུས་པ་ཡིན།
ཧྲུའུ་ཅི་ཝུའུ་དབྱིང་ཅེས་རྟག་ཏུ་ང་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི“ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་ནུས་པ་ཐོན་པ”བཅས་ཀྱི་བཀའ་སློབ་ཟབ་མོ་སེམས་ལ་བརྟན་པོར་ངེས་ནས། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་མཐའ་འཁྱོངས་ཀྱིས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། རང་འགུལ་ངང་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་བ་བཅས་བྱས་ཏེ་རྒྱལ་ཁབ་དང་། སྤྱི་ཚོགས། མི་དམངས་བཅས་ལ་སྟོབས་ཤུགས་ལེགས་སྐྱེས་ཧུར་ཐག་འབུལ་དགོས་པའི་སྐུལ་ལྕག་གནང་གི་འདུག ད་ཆ་རྒྱལ་ཁབ་ལ་དཀའ་ངལ་འཕྲད་པ་དང་མི་དམངས་མང་ཚོགས་ལ་དཀའ་ངལ་འཕྲད་ཡོད་པས། ཏང་དང་སྲིད་གཞུང་ལ་ང་ཚོ་མཁོ་བའི་སྐབས་སུ་ང་ཚོས་ངེས་པར་དུ་བཀའ་དྲིན་ཚོར་ཐུབ་པ་དང་། རང་འགུལ་ངང་ཆབ་སྲིད་ཀྱི་ལས་འགན་དང་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་བ། ཏང་དང་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུ་བ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་བཀོད་སྒྲིག་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱས་ཏེ། དགོན་སྡེའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་དུས་མཚུངས། ཏང་དང་སྲིད་གཞུང་ལ་གཞོགས་འདེགས་ཀྱིས་དད་ལྡན་མང་ཚོགས་ལ་སློབ་གསོ་ཁྲིད་སྟོན་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཆེད། ཆོས་ལུགས་ལས་རིགས་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན། ང་ཚོས་དད་ལྡན་མང་ཚོགས་ལ་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་ཏང་དང་སྲིད་གཞུང་ལ་ཡིད་ཆེས་གང་ལེགས་བྱེད་དགོས་པ་དང་། མུ་མཐུད་ཡིད་ཆེས་བརྟན་པོ་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས། མཉམ་འགོག་མཉམ་བཅོས་བཅས་བྱས་ནས་མཐར་མི་དམངས་ཀྱི་དམག་འཐབ་འདིའི་མཐའ་མའི་རྒྱལ་ཁ་ལེན་དགོས།
མཇུག་མཐར། རིགས་དྲུག་སེམས་ཅན་ཐམས་ཅད་ནད་གདོན་ལས་ཐར་ཞིང་། སྡུག་བསྔལ་གྱི་རྒྱུ་དང་བྲལ་ཏེ་བདེ་བ་ཐོབ་པ་དང་། འཛམ་གླིང་ཞི་བདེ་དང་། སྤྱི་ཚོགས་ཞི་མཐུན། མེས་རྒྱལ་དར་རྒྱས། མི་དམངས་བདེ་ཐང་བཅས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།