པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ཉིང་ཁྲིར་སྤྱི་ཚོགས་བརྟག་ཞིབ་དང་ཆོས་ཕྱོགས་བྱེད་སྒོ་ཕུན་སུམ་ཚོགས་པོའི་ངང་སྤེལ་བ།
རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ཟླ་8ཚེས་27ནས་ཟླ་9ཚེས་9ཉིན་བར་ཉིང་ཁྲིར་སྤྱི་ཚོགས་བརྟག་ཞིབ་དང་ཆོས་ཕྱོགས་བྱེད་སྒོ་སྤེལ་བ་རེད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་མཱ་ཧྲེང་ཁྲང་དང་། ས་ལུང་ཕུན་ལགས། བསོད་ནམས་རིག་འཛིན་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས་པ་རེད།
པཎ་ཆེན་རིན་པོ་ཆེ་བྲག་ཡིབ་ཆུས་ཀྱི་བྲག་ཕྱི་གྲོང་ཚོ་དང་། སྨན་གླིང་རྫོང་གི་ཤེལ་དཀར་མོན་པ་གྲོང་ཚོ། དེ་བཞིན་མི་སེར་གྱི་ཁྱིམ་དུད་བཅས་སུ་ཕེབས་ཏེ། འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་དང་། དབུལ་སྒྲོལ་འགག་སྒྲོལ། མཐའ་དར་དམངས་ཕྱུག་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གཏིང་ཟབ་གནང་ཞིང་། གནས་གཅིག་ཏུ་འབྱོར་རིམ་བཞིན་ཁོང་གིས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་ནན་ཏན་ངང་གསན་པ་མ་ཟད། ད་དུང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་བཀའ་འདྲི་ཞིབ་ཕྲའང་གནང་བ་རེད། རིམ་ཁག་ཏང་རྩ་འཛུགས་ཀྱིས་ས་གནས་དེ་གའི་ལེགས་ཆ་གང་ལེགས་བརྟེན་ཏེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་། ཡུལ་མིའི་ས་ཞིང་ནང་བཤུག་བཏང་བ་དང་། སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་བཏང་བ། ཁྱད་ལྡན་ཐོན་ལས་སྟོབས་ཆེར་བཏང་བ་བཅས་ལ་བརྟེན་ནས་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱུན་ཆད་མེད་པར་ཆེ་རུ་སོང་བ་དང་དཔལ་འབྱོར་དང་སྣོད་བཅུད་གཉིས་ཀར་ཕན་འབྲས་ཐོན་པ་མཁྱེན་སྐབས། པཎ་ཆེན་རིན་པོ་ཆེས་བསྔགས་བརྗོད་ཆེན་པོ་གནང་བ་རེད། པཎ་ཆེན་རིན་པོ་ཆེས་ཏང་གི་བཀའ་དྲིན་ས་མཐོའི་ས་གཞི་ཡོངས་ལ་ཁྱབ་ཅིང་། ཏང་གི་སྲིད་ཇུས་ཀྱི་ཁྲིད་སྟོན་འོག་མང་ཚོགས་དབུལ་པོ་ཕྱོགས་ཡོངས་ནས་དབུལ་སྒྲོལ་བྱུང་ཡོད། སླད་ཕྱིན་གཞི་རིམ་མང་ཚོགས་ཀྱིས་ཏང་གི་དམངས་ཕན་སྲིད་ཇུས་ཁག་སློབ་སྦྱོང་དང་བེད་སྤྱོད་ཡག་པོ་བྱས་ཏེ། ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་དེ་བས་བདེ་སྐྱིད་ཕུན་སུམ་ཚོགས་པའི་འཚོ་བ་གཏོད་པའི་རེ་བ་ཡོད་ཅེས་གསུངས་པ་རེད།
མེ་ཏོག་རྫོང་མེ་ཏོག་གྲོང་ཚོའི་ཇ་ཤིང་འདེབས་འཛུགས་རྟེན་གཞིར་མུའུ་ཁྲི་1.69ཟིན་པའི་ཇ་ཤིང་ར་བ་ཞིག་ཡོད་པ་དང་། ཁོངས་གཏོགས་ཀྱི་ཐོན་རྫས་པེ་ཅིང་དང་ཁྲེང་ཏུའུ་སོགས་སུ་འཚོང་གི་ཡོད། པཎ་ཆེན་རིན་པོ་ཆེ་དེར་ཕེབས་ནས་ཇ་ཤིང་འདེབས་པ་དང་། ལས་སྣོན། བྲིན་ཚོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་འབྲེལ། འབྲེལ་ཡོད་འགན་འཁུར་བ་དང་མེ་ཏོག་གི་ཇ་ལས་འཕེལ་རྒྱས་འཆར་གཞི་དང་དབུལ་སྒྲོལ་འགག་སྒྲོལ་བྱེད་རོགས་སྐོར་ལ་སྤེལ་རེས་གཏིང་ཟབ་ཀྱང་གནང་བ་རེད།
མེ་ཏོག་གི་ཇ་ལས་ལས་མེ་ཏོག་རྫོང་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་126གི་མི་509ལ་ཕན་པ་ཐོབ་པ་དང་། དུས་ཚང་རེར་ལོ་རེར་འབབ་འཕར་སྒོར་7000ཡས་མས་བྱུང་བ། དེ་བཞིན་ཇ་ཤིང་ར་བས་ཇ་ཤིང་འདེབས་འཛུགས་དང་འཐུ་བའི་ཚད་གཞི་ཚན་རིག་དང་མཐུན་པའི་ངང་བཟོས་པ་དང་འབྲེལ། ཇ་འདེབས་ཞིང་པ་གསོ་སྦྱོང་ཡང་བྱས་པ་མཁྱེན་སྐབས། པཎ་ཆེན་རིན་པོ་ཆེས་ཁས་ལེན་གང་ལེགས་གནང་བ་མ་ཟད། ད་དུང་ཇ་རར་སྤུས་ཀ་དག་པོ་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པ་ཞིག་མུ་མཐུད་རྒྱུན་འཁྱོངས་བྱས་པའི་ཁར། སྤུས་རྟགས་ཀྱི་ཕན་འབྲས་ཆེ་རུ་ཧུར་ཐག་བཏང་སྟེ། ཁྱད་ལྡན་ཐོན་ཁུངས་ལ་བརྟེན་ནས་གཞི་རིམ་གྱི་མི་སེར་ལ་བདེ་སྐྱིད་སྔར་ལས་ལྷག་པ་སྐྲུན་དགོས་པའི་ལྕག་སྐུལ་ཡང་གནང་བ་རེད།
སྤོ་བོ་རྫོང་གི་རྫོང་ཨུད་ཀྱི་སྒོ་རར་ཡོད་པའི་ཁྲབ་རྨོག་ལྟེ་བའི་རྫོང་ཨུད་ཀྱི་ཐོག་ཁང་དམར་པོ་དེ་དུས་རབས་གོང་མའི་ལོ་རབས་ལྔ་བཅུ་པར་བསྐྲུན་པ་ཞིག་རེད། དེས་བོད་ཞི་བའི་བཅིངས་འགྲོལ་དང་དམངས་གཙོའི་བཅོས་སྒྱུར་སོགས་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་གྱི་དཔང་པོ་བྱེད་ཀྱི་ཡོད། ཐོག་ཁང་དམར་པོར་ཕེབས་རྗེས་པཎ་ཆེན་རིན་པོ་ཆེས་གསལ་འགྲེལ་ནན་ཏན་ངང་གསན་པ་མ་ཟད། ད་དུང་འགྲེམས་རྫས་མདུན་དུ་ཕེབས་ཏེ་ནན་གྱིས་གཟིགས་ནས་གསར་བརྗེའི་ལོ་རྒྱུས་སློབ་གསོ་དང་ལེན་གནང་བ་རེད། པཎ་ཆེན་རིན་པོ་ཆེས་ཐོག་ཁང་དམར་པོའི་མི་སེམས་འགུལ་བའི་གཏམ་རྒྱུད་ནི་སྔར་བཞིན་ང་ཚོའི་བསམ་པའི་རྒྱགས་ཕྱེ་རེད། ཏང་དང་མི་རིགས་སྲིད་ཇུས་ཀྱི་འོད་ཟེར་འཕྲོས་པའི་འོག བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་གིས་བསྟན་པའི་ཁ་ཕྱོགས་ཡང་དག་བརྒྱུད། གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་བརྗིད་ཆེའི་ལེའུ་བརྩམས་ཡོད། ང་ཚོས་གུང་ཁྲན་ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་དང་། མཛད་རྗེས་རླབས་ཆེན། ཁྲག་དྲོན་བཏོན་པ་དང་ཚེ་སྲོག་བློས་བཏང་ནས་དེང་དུས་ཀྱི་བདེ་སྐྱིད་འཚོ་བ་གཏོད་མཁན་གསར་བརྗེའི་སྔོན་གཤེགས་དཔའ་བོ། ཏང་གི་བཀའ་དྲིན་བཅས་བློ་ལ་བརྟན་པོར་ངེས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣེ་ཁྲིད་འོག བོད་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་རླབས་ཆེན་བྱ་གཞག་མུ་མཐུད་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
པཎ་ཆེན་རིན་པོ་ཆེས་བརྟག་ཞིབ་གནང་རིང་། ཉིང་ཁྲི་གྲོང་ཁྱེར་གྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་ཧུར་ཐག་བྱས་པ་ལས་དགའ་བ་སྐྱེ་འོས་པའི་གྲུབ་འབྲས་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ། མི་རིགས་ཁག་གི་མང་ཚོགས་བདེ་སྡོད་ལས་བརྩོན་བྱུང་བ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ཉིན་རེ་ལས་ཉིན་བཞིན་འཕེལ་རྒྱས་བྱུང་བ་གཟིགས་སྐབས་པཎ་ཆེན་རིན་པོ་ཆེ་ཐུགས་བློ་བདེ་པོ་བྱུང་ཞིང་། ཁོང་གིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག ང་ཚོ་གཞི་ནས་དེང་དུས་ཀྱི་བདེ་སྐྱིད་དུ་སྐྱོད་པ་དང་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད། བོད་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་དང་འབྲལ་ཐབས་མེད། དཀའ་ངལ་དང་། ཉེན་ཁ། འགྲན་སློང་བཅས་སྣ་ཚོགས་ཀྱི་མདུན་དུ། རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་ཐོག་མཐའ་བར་གསུམ་དུ་རྒྱལ་ཡོངས་མི་དམངས་ཀྱི་རྟེན་ས་དང་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་དུ་གྱུར་ཡོད། ང་ཚོའི་མི་རིགས་ཁག་དང་ལས་རིགས་ཁག་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་དང་། ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱལ་གཅེས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་མིག་སྔའི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་བ། ལས་རིགས་ཁག་གི་ལེགས་ཆ་འདོན་སྤེལ་དང་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱས་ནས་བོད་ཀྱི་བྱ་གཞག་ཁག་གི་རྣམ་པ་གསར་པ་ཐུན་མོང་ཐོག་ནུས་ཤུགས་ཡོད་རྒུས་གཏོད་དགོས་ཞེས་གསུངས་པ་རེད།
ཉིང་ཁྲིར་བཞུགས་རིང་པཎ་ཆེན་རིན་པོ་ཆེ་མེ་ཏོག་རྫོང་གི་རིན་ཆེན་དཔུང་དགོན་དང་། སྤོ་བོ་རྫོང་གི་རྡོ་དུང་དགོན། བྲག་ཡིབ་ཆུས་ཀྱི་དེ་མོ་དགོན། སྣང་རྫོང་གི་བམ་རི་ཆོས་སྡེ་སོགས་ལ་སྔ་རྗེས་སུ་ཕེབས་ནས་ཆོས་ཕྱོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་གནང་བ་རེད།