དབུ་ཤོག>བོད་ཀྱི་རིག་གནས།
  • ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ལས་འཛིན་ལྷན་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་གཉིས་པ་དང་བོད་བརྒྱུད་ནང་བསྟན་གྱི་བཀའ་ཆོས་དགོངས་འགྲེལ་གྱི་སྤེལ་རེས་ཚོགས་འདུ་སྐབས་ལྔ་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-01-12

    ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ལས་འཛིན་ལྷན་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་གཉིས་པ་དང་བོད་བརྒྱུད་ནང་བསྟན་གྱི་བཀའ་ཆོས་དགོངས་འགྲེལ་གྱི་སྤེལ་རེས་ཚོགས་འདུ་སྐབས་ལྔ་པ་ཟླ་9ཚེས་11ནས་13ཉིན་བར་ཁག་སོ་སོར་ལྷ་སར་འཚོགས་པ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་བསྟན་ཁོ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་བསོད་ནམས་རིག་འཛིན་ཚོགས་འདུར་ཕེབས་པ་རེད། 

    ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ལས་འཛིན་ལྷན་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་གཉིས་པའི་ཐོག་རྒྱུན་ལས་ལས་འཛིན་ལྷན་ཚོགས་ཀྱི་ལས་དོན་སྙན་སེང་གསན་ནས་གྲོས་ཞིབ་གནང་བ་དང་། 《བོད་ཀྱི་བོད་བརྒྱུད་ནང་བསྟན་དགོན་སྡེའི་སྒྲིག་ཡིག》དང《བོད་ཀྱི་བོད་བརྒྱུད་ནང་བསྟན་དགོན་སྲོལ་གྲྭ་ཆིངས》བཟོ་རྒྱུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། ན་ནིང་སྐབས་བརྗེ་བྱས་ནས་བཟུང་། ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱིས་ཚོགས་གཙོ་པཎ་ཆེན་རིན་པོ་ཆེའི་སྐུལ་ཁྲིད་དང་། རྒྱུན་ལས་ལས་འཛིན་གྱི་ཐུན་མོང་འབད་འཐབ། ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་མི་སྣའི་རྒྱབ་སྐྱོར་ཤུགས་ཆེན་བཅས་ཀྱི་འོག་ཏང་ཨུད་དང་སྲིད་གཞུང་ལ་རམ་འདེགས་བྱས་ནས་ཏང་གི་ཆོས་ལུགས་སྲིད་ཇུས་དང་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་དང་། དགོན་སྡེ་དོ་དམ་ལ་གསར་གཏོད་དང་ཤུགས་སྣོན། “ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད”པའི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ། ཆོས་ལུགས་ལས་རིགས་ཀྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན། ཏོག་གསར་གློ་ཚད་ལ་འགོག་རྒོལ་སོགས་ལ་གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་དོན་འབོར་ཆེན་བསྒྲུབས་ཡོད། ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱིས་རང་ལྗོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་ལེགས་སྐྱེས་འབུལ་ཚད་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རིང་གི་ནུས་པ་དེ་བས་མངོན་གསལ་དོད་དུ་འགྲོ་བ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་རིང་འགན་འཁྲི་དེ་བས་ལེགས་པར་འཁུར་བ་བཅས་ལག་ལེན་ལས་ར་འཕྲོད་བྱུང་ཡོད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་གྱིས་ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་བྱས་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། དུས་རབས་ཀྱི་བླང་བྱ་དང་བསྟུན་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་རང་རྟོགས་ངང་སྐུལ་འདེད་གཏོང་བ། རང་འགུལ་ངང་ཐེག་པ་ཁུར་ལེན་དང་བྱ་སྤྱོད་སྤེལ་ནས་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་རིང་དགེ་མཚན་ལྡན་པའི་ནུས་པ་འདོན་པ། “ཚད་གཞི་བཞིར”བརྩི་སྲུང་ཞུས་ནས་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་ཚབ་མི་སྣ་གསོ་སྐྱོང་ཤུགས་ཆེན་བྱེད་པ། ཏང་གི་འགོ་ཁྲིད་མཐའ་འཁྱོངས་ཀྱིས་ནང་བསྟན་མཐུན་ཚོགས་ཀྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བཅས་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་སྐྲུན་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་དགོས།

    པཎ་ཆེན་རིན་པོ་ཆེས་ཚོགས་འདུ་གཙོ་སྐྱོང་གནང་སྐབས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་མཐའ་འཁྱོངས་ཀྱིས་དད་ལྡན་མང་ཚོགས་ལ་རྒྱུན་གཏན་འཚོ་བའི་ཁྲོད་དུ་རྒྱལ་གཅེས་ཁྲིམས་སྲུང་དང་། གནས་གཅེས་ལས་བརྩོན། ཁ་དན་ཚིག་གནས། གཞན་ལ་ཕན་འདོགས་པ། བྱམས་སྙིང་རྗེ་སྒོམ་པ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱ་ཆེད་བསམ་པའི་ཐོན་ཁུངས་མཁོ་འདོན་བྱས་ནས་དགེ་མཚན་ལྡན་པའི་ནུས་པ་འདོན་པར་ཁྲིད་སྟོན་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། བོད་ཀྱི་གནའ་སྔ་མོ་ནས་བཟུང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱས་པའི་ལོ་རྒྱུས་ཀྱི་དོན་དངོས་སྔོག་འདོན་དང་། ལེགས་སྒྲིག དྲིལ་བསྒྲགས་བཅས་བྱེད་པ། ཀྲུང་ཧྭ་མི་རིགས་ནི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཡིན་ལུགས་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཚོས་ངོས་འཛིན་གཏིང་ཟབ་བྱེད་པར་ཁྲིད་སྟོན་བཅས་བྱས་ཏེ་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་བྱེད་དགོས། སྙིང་རུས་གཏན་འཁྱོངས་ཀྱིས་ཕུགས་ལ་ཕན་པའི་བྱ་བ་སྒྲུབ་པར་ཞུགས་པ་དང་། ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་རྨང་གཞིའི་ཐོག་བཀའ་ཆོས་དགོངས་འགྲེལ་གྱི་ལས་དོན་ལ་ཧུར་ཐག་ཞུགས་ཏེ། བོད་བརྒྱུད་ནང་བསྟན་སྐྱོན་བྲལ་རྒྱུན་འཛིན་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།