བོད་ཀྱི་སྲོལ་རྒྱུན་ལྷ་མོའི་འཁྲབ་གཞུང་དྲུག་གི་གར་སྟེགས་ཅན་གྱི་སྒྲིག་བཟོའི་རྣམ་གྲངས་ལེགས་གྲུབ་བྱུང་བ།
2013ལོར་བོད་ཀྱིས་སྲོལ་རྒྱུན་གྱི་ལྷ་མོའི་འཁྲབ་གཞུང་བརྒྱད་ཀྱི་གྲངས་འཛིན་ཅན་གྱི་རྣམ་གྲངས་ལག་བསྟར་བྱེད་འགོ་བརྩམས་ཤིང་། དེང་རབས་ཟློས་གར་གྱི་ཚད་གཞི་དང་འགྱུར་ཁུག་ལྟར་གར་སྟེགས་ཅན་གྱི་སྒྲིག་བཟོ་བྱས་པ་དང་། མིག་སྔར《རྒྱ་བཟའ་བལ་བཟའི་རྣམ་ཐར》དང་། 《པད་མ་འོད་འབར་གྱི་རྣམ་ཐར》《འགྲོ་བ་བཟང་མོའི་རྣམ་ཐར》《གཟུགས་ཀྱི་ཉི་མའི་རྣམ་ཐར》《སྣང་ས་འོད་འབུམ་གྱི་རྣམ་ཐར》《ཆོས་རྒྱལ་ནོར་བཟང་གི་རྣམ་ཐར》བཅས་ཁག་དྲུག་གི་གར་སྟེགས་ཅན་གྱི་སྒྲིག་བཟོའི་རྣམ་གྲངས་ཡོངས་སུ་གྲུབ་ཡོད། དེའི་ཁར་ལྷ་མོའི་འཁྲབ་གཞུང་གི་ཚད་ལྡན་ཡིག་ཆའི་དཔྱད་གཞི་དང་གྲངས་འཛིན་ཅན་གྱི་བརྙན་པར་ཉར་ཚགས་ཀྱི་ལས་ཀའང་གྲུབ་ཡོད།
བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པས་སྲོལ་རྒྱུན་གྱི་ལྷ་མོའི་འཁྲབ་གཞུང་བརྒྱད་གར་སྟེགས་ཅན་དུ་སྒྲིག་བཟོ་བྱས་རྗེས། འཁྲབ་སྟོན་པ་དང་། གློག་འོད། གར་སྟབས་སོགས་ལེགས་སུ་ཕྱིན་ནས་ལྷ་མོར་དགའ་པོ་ཡོད་མཁན་མང་པོར་མིག་གི་སྟོན་མོ་བཤམས་པ་རེད།
“ལོ་60ཡི་རིང་། ལྷ་མོ་ཚོགས་པས་ལོ་ལྟར་ཆ་སྙོམས་བྱས་ན་ཞིང་འབྲོག་པ་དང་མི་རིགས་ཁག་གི་མང་ཚོགས་ལ་འཁྲབ་སྟོན་ཐེངས་120རེ་བྱས་པ་དང་། འགྲན་བསྡུར་ཁག་ནང་ཞུགས་ཏེ་རྒྱལ་ཁབ་རིམ་པའི་བྱ་དགའ་ཆེ་གྲས་50ལྷག་ཙམ་ཐོབ་ཁར་རི་པིན་དང་ཨ་རི་སོགས་རྒྱལ་ཁབ་དང་ས་ཁུལ་30ལྷག་ཙམ་དུ་བསྐྱོད་ནས་འཁྲབ་སྟོན་བྱས་པར་དགའ་བསུ་ཆེན་པོ་ཐོབ་ཡོད། སྲོལ་རྒྱུན་གྱི་ལྷ་མོའི་འཁྲབ་གཞུང་བརྒྱད་ཀྱི་གར་སྟེགས་ཅན་གྱི་སྒྲིག་བཟོའི་རྣམ་གྲངས་ལེགས་གྲུབ་བྱུང་རྗེས། ང་ཚོས་འཁྲབ་ཚན་ཡོངས་འོད་སྡེར་དུ་ཕབ་ནས་གཞི་རིམ་ལ་རིན་མེད་ངང་བཀྲམ་སྟེ་མང་ཚོགས་སྔར་ལས་མང་བས་ལྷ་མོའི་སྒྱུ་རྩལ་མྱོང་ཚོར་ཐུབ་པ་བྱ་རྒྱུ་ཡིན”ཞེས་བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་ཚོགས་གཙོ་དཔལ་ལྡན་དབང་ཕྱུག་གིས་བཤད།
ལོ་རྒྱུས་ཡུན་རིང་ལྡན་པའི་ལྷ་མོ་ནི་གླུ་གར་དང་། འཁྲབ་སྟོན། གཞས་མ་གཏམ། རྩོམ་རིག་བཅས་གཞི་གཅིག་ཏུ་འདུས་པའི་སྒྱུ་རྩལ་ཞིག་ཡིན་ལ་བོད་མི་རིགས་ཀྱི“ཤེས་བྱ་ཀུན་འདུས་ཆེ་མོ”དང་ས་གནས་སྒྱུ་རྩལ་གྱི“འགྱུར་རྡོ་གསོན་པོ”ཞེས་པའི་མཚན་སྙན་ལྡན་པ་དང་། 2006ལོར་ཁག་དང་པོའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད་པ་དང་། 2009ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་གཞུང་ནང་བདམས་ཐོན་བྱུང་ཡོད།