དབུ་ཤོག>བོད་ཀྱི་རིག་གནས།
  • 《བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་ལེགས་རྩོམ་གཅེས་བཏུས》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2020-12-01

    ཚེས་29ཉིན། བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱིས་གཙོ་གཉེར་དང་། བོད་ལྗོངས་རླུང་རྟ་དཔེ་ཁང་དང་བོད་ཀྱི་རྩོམ་རིག་སྒྱུ་རྩལ་རྩོམ་སྒྲིག་ཁང་གིས་གཉེར་འགན་ཁུར་བའི་བོད་ཀྱི་རྩོམ་རིག་དུས་དེབ་ཆེ་གྲསབོད་ཀྱི་རྩོམ་རིག་སྒྱུ་རྩལབཏོན་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་བའི་ལེགས་རྩོམ་གཅེས་བཏུས་ཀྱི་པར་ཕུད་འགྲེམས་ཚོགས་དེ་བོད་ལྗོངས་རླུང་རྟ་དཔེ་ཁང་དུ་འཚོགས་ཤིང་། བོད་ཀྱི་རྩོམ་རིག་སྒྱུ་རྩལ་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་དང་རྩོམ་སྒྲིག་པ། རྩོམ་པ་པོ། སྨྱན་སྦྱོར་ཁག་གི་གསར་འགོད་པ། རྩོམ་རིག་ལ་དགའ་ཞེན་ཡོད་པའི་ཀློག་པ་པོ་བཅས་ཁྱོན་མི་གྲངས་300ཙམ་ཐེངས་དེའི་པར་ཕུད་འགྲེམས་ཚོགས་ལ་ཞུགས་ཡོད་པ་རེད། 

    1.jpg

          ད་ཐེངས་ཀྱི་པར་ཕུད་འགྲེམས་ཚོགས་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པའི་ཚ་ཚ་འུར་འུར་གྱི་རྣམ་པ་བཟང་པོའི་འོག་འཚོགས་པ་ཞིག་ཡིན་ཞིང་། བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་ལས་དོན་པ་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་རྩལ་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་དུས་དེབ་ཐོག་འཁོད་པའི་ད་བར་གྱི་བརྩམས་ཆོས་ལས་ལེགས་འདེམས་དང་རྩོམ་སྒྲིག་བྱས་པ་ཞིག་རེད། ཁྱོན་དེབ་10ཡི་བདག་ཉིད་ཅན་གྱི《བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་ལེགས་རྩོམ་གཅེས་བཏུས》དཔེ་སྐྲུན་འགྲེམས་སྤེལ་བྱས་པ་ལས། བོད་ཀྱི་རྩོམ་རིག་སྒྱུ་རྩལ་དབུ་བརྙེས་ནས་ལོ་40སོང་རིང་གི་གཡུར་དུ་ཟ་བའི་གྲུབ་འབྲས་ལ་བདེན་དཔང་བྱས་པ་ཞིག་དང་། སང་ལོར་ཏང་དབུ་བརྙེས་ནས་ལོ་100འཁོར་བ་དང་། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བར་ཕུལ་བའི་ལྗིད་ཏིག་ཏིག་གི་ལེགས་སྐྱེས་ཤིག་ཀྱང་རེད། 

    2.jpg

         བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་གཙོ་སྒྲིག་པ་གཞོན་པ་ལྷ་གཡང་ནོར་བུས།བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་ལེགས་རྩོམ་གཅེས་བཏུསནི་བརྩམས་སྒྲུང་དང་། ལྷུག་རྩོམ། སྙན་ངག དཔྱད་རྩོམ། སྙན་ཞུའི་རྩོམ་ཡིག བསྒྱུར་རྩོམ་བཅས་ལས་གྲུབ་ཅིང་། ཁྱོན་ཡིག་འབྲུ་ཁྲི་230ལྷག་ཡོད་པ་དང་། རྩོམ་པ་པོ་དང་ལོ་ཙཱ་བ་300ལྷག་གི་བརྩམས་ཆོས་300ལྷག་བསྡུས་ཡོད། དེབ་ཀྱི་ཤོང་ཚད་ཀྱི་དབང་གིས་བརྩམས་ཆོས་ཕུལ་བྱུང་མང་པོ་ད་དུང་བསྡུ་མ་ཐུབ་པར་ལུས་ཡོད་སྟབས་ཕངས་སེམས་ཆེན་པོ་བྱུང་ཞེས་བརྗོད། 

    3.jpg

            རྩོམ་པ་པོ་གྲགས་ཅན་བཀྲ་ཤིས་དཔལ་ལྡན་གྱིས་ཐོག་མར་དུས་དེབ་གསར་པ་འདོན་སྐབས་རྩོམ་པ་པོ་ཧ་ཅང་ཉུང་བ་དང་ཡང་སྒོས་བརྩམས་སྒྲུང་འབྲི་མཁན་ཧ་ལམ་མེད་པའི་འདས་སོང་གི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་ལོ་རྒྱུས་ལ་ཕྱིར་དྲན་གནང་བ་དང་སྦྲགས་ད་ལྟའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་དང་ལེགས་རྩོམ་གཅེས་བཏུས་ཀྱི་སྐོར་གླེང་སྐབས། ཁོང་གིས། དཔེ་ཚོགས་དེ་ནི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་ཐོག་འཁོད་པའི་ད་བར་གྱི་བརྩམས་ཆོས་ཆ་ཚང་ལ་དོ་སྣང་བྱས་ཏེ་བདམས་སྒྲིག་བྱས་པ་ཞིག་ཡིན་སྟབས། དེས་དུས་སྐབས་གསར་པའི་བོད་ཀྱི་རྩོམ་རིག་གི་སྤྱི་ཁོག་མཚོན་པ་དང་། རྩོམ་པ་པོའི་ཚབ་མཚོན་བརྩམས་ཆོས་མཚོན་པ། དུས་བབ་སོ་སོའི་རྩོམ་འབྲིའི་ཆུ་ཚད་མཚོན་ཡོད་པས། རྩོམ་པ་པོ་རྒན་དར་གཞོན་གསུམ་གྱི་བརྩམས་ཆོས་ལ་དོ་སྣང་བྱས་ཏེ་དུས་སྐབས་གསར་པའི་བོད་ཀྱི་རྩོམ་རིག་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞིའི་རིན་ཐང་ཆེན་པོ་ཡོད་ཅེས་བརྗོད་པ་དང་། ཞར་བྱུང་བརྩམས་སྒྲུང་ནི་དུས་བབ་གསར་པའི་རྩོམ་རིག་སྡིངས་ཆའི་ཐོག་གི་གཙོ་འཁྲབ་པ་ལྟ་བུ་ཞིག་ཡིན་པས། ང་ཚོས་ངེས་པར་དུ་མི་སེར་ཕལ་པ་དང་། མི་སེར་དཀྱུས་མའི་སྤྱི་ཚོགས་འཚོ་བ་རྩོམ་གཞིར་བྱས་ཏེ། དོན་དངོས་དང་། འཚོ་བ། མང་ཚོགས་བཅས་ལ་ཉེ་བཅར་བྱས་ནས་ལོ་རྒྱུས་ལ་ངོ་མི་གནོང་བ་དང་། དུས་རབས་ལ་ངོ་མི་གནོང་བ། མི་དམངས་ལ་ངོ་མི་གནོང་བའི་བརྩམས་ཆོས་ཕུལ་བྱུང་དེ་བས་མང་བ་གསར་རྩོམ་གནང་རྒྱུའི་འབོད་སྐུལ་གནང་བ་རེད།   

    4.jpg

        བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་གཙོ་སྒྲིག་པ་བསྟན་པ་ཡར་རྒྱས་ཀྱིས། དཔེ་ཚོགས་ནང་བསྡུ་སྒྲིག་བྱས་པའི་བརྩམས་ཆོས་ཁག་ལས་རླབས་ཆེའི་དུས་རབས་ཤིག་གི་སྤྱི་ཚོགས་ཀྱི་འཕོ་འགྱུར་མཚོན་ཡོད་པས། དེ་ནི་འཛམ་གླིང་མི་དམངས་ཀྱིས་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་དར་རྒྱས་ཕུན་སུམ་ཚོགས་པའི་བོད་ཀྱི་འཕེལ་རྒྱས་ལ་ལྟ་བའི་སྒེའུ་ཁུང་ལྟ་བུ་ཞིག་དང་། བོད་ཀྱི་རིག་གནས་འཛུགས་སྐྱོང་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ཞིག དུས་རབས་གསར་པའི་རྒྱབ་ལྗོངས་འོག་བོད་ཀྱི་རིག་གནས་སྒྱུ་རྩལ་ཁྱབ་ཁོངས་ཀྱི་ངོ་མཚར་ཆེ་བའི་ལམ་ཚད་རྡོ་རིང་ལྟ་བུ་ཞིག་ཡིན་པས། བོད་ཀྱི་དེང་རབས་རྩོམ་རིག་གསར་རྩོམ་དང་ཞིབ་འཇུག་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་ཐེབས་ངེས་རེད་ཅེས་བརྗོད།    

    5.jpg

          རྩོམ་པ་པོ་གྲགས་ཅན་ཕུན་ཚོགས་བཀྲ་ཤིས་ཀྱིས། སྒྱུར་བཅོས་སྒོ་དབྱེའི་དཔྱིད་རླུང་དྲོན་མོའི་འོག་དང་། ཏང་གི་མི་རིགས་སྲིད་ཇུས་བཟང་པོའི་འོགབོད་ཀྱི་རྩོམ་རིག་སྒྱུ་རྩལཞེས་པའི་རྩོམ་རིག་དུས་དེབ་དེ་ཉིད་བོད་ཀྱི་དུས་རབས་གསར་པའི་རྩོམ་རིག་གི་ཞིང་སར་བལྟམས་པ་རེད།བོད་ཀྱི་རྩོམ་རིག་སྒྱུ་རྩལཞེས་པའི་རྩོམ་རིག་དུས་དེབ་འདི་འདྲ་ཞིག་མེད་ན། ང་ད་ལྟ་རྩོམ་པ་པོ་ཞིག་ཏུ་གྱུར་མི་སྲིད་པས། ངསབོད་ཀྱི་རྩོམ་རིག་སྒྱུ་རྩལགྱི་སྐབས་རིམ་བྱུང་གི་རྩོམ་སྒྲིག་པ་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།     བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་དགེ་རྒན་ཆེ་མོ་བ་དོན་གྲུབ་ཚེ་རིང་གིས་ཁེངས་སྐྱུང་དང་སྦྲགས། ང་ནིབོད་ཀྱི་རྩོམ་རིག་སྒྱུ་རྩལགྱི་རྩོམ་པ་པོ་རྣལ་མ་ཞིག་མིན་ཡང་ཀློག་པ་པོ་རྣམ་དག་ཅིག་ཡིན།བོད་ཀྱི་རྩོམ་རིག་སྒྱུ་རྩལདུས་དེབ་ཁང་གིས་ད་བར་དུ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་། དོན་གྲུབ་རྒྱལ། གླང་མདུན་དཔལ་འབྱོར། བཀྲ་ཤིས་དཔལ་ལྡན་སོགས་རྩོམ་པ་པོ་ཕུལ་བྱུང་མང་པོ་གསོ་སྐྱོང་དང་ཁོང་རྣམ་པའི་བརྩམས་ཆོས་ཕུལ་བྱུང་དུ་མ་དུས་དེབ་ཐོག་བཀོད་ནས། རྒྱ་ཆེའི་ཀློག་པ་པོ་རྣམས་ལ་རིན་ཐང་བྲལ་བའི་བསམ་པའི་རྒྱགས་ཕྱེ་གསོས་སུ་གནང་བར་བཀའ་དྲིན་ཆེ་ཞུས། གཞན་ད་དུང་རྩོམ་པ་པོ་མཁས་གྲུབ་ཆོས་འཕེལ་དང་། ཨོ་རྒྱན་རྡོ་རྗེ། ཚེ་རིང་དབྱངས་སྐྱིད་སོགས་ཀྱིསབོད་ཀྱི་རྩོམ་རིག་སྒྱུ་རྩལགྱི་གནས་བབ་དང་། འགན་འཁྲི། དུས་དེབ་གཉེར་ཕྱོགས་སོགས་དང་འབྲེལ་ནས་རང་རང་གི་མྱོང་ཚོར་ཤར་མར་གླེང་།

    ལས་སྒྲུབ་ཁང་།མཐོངས་ལས་སྒྲུབ་ཁང་།

    གསར་འགོད་པ།གཟི་བཀྲ་ཤིས། རྣམ་གླིང་རིན་ཆེན།

    བརྙན་ལེན་སྒྲིག་བཟོ།སྤེན་པ། བསོད་ནམས་ཆོས་སྒྲོན། 

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།