དབུ་ཤོག>བོད་ཀྱི་རིག་གནས།
  • སྲོལ་རྒྱུན་རིག་གནས་སྐྱེད་ཚལ་ཡངས་པོ་རུ་། ངོ་མཚར་ལྷ་མོའི་མེ་ཏོག་སྡུག་གུར་བཞད་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-10-17

    776741_yis_1602669472644_s.jpg

    འདི་ནི་ཟླ་བ་ཆོས་སྒྲོན་གྱིས་གཟེ་མ་ར་མགོ་འཁྲབ་བཞིན་པ།

    776740_yis_1602669472254_s.jpg

    འདི་ནི་ཟླ་བ་ཆོས་སྒྲོན་གྱིས་ཡ་མ་གན་དེ་འཁྲབ་བཞིན་པ།

    776738_yis_1602669471303_s.jpg

    འདི་ནི་ཁྲེང་ཀོན་ཆུས་ཉང་བྲན་ཤང་མི་རིགས་སྒྱུ་རྩལ་ཚོགས་པས《ཆོས་རྒྱལ་ནོར་བཟང》འཁྲབ་བཞིན་པ།

    776739_yis_1602669471693_s.jpg

    འདི་ནི་ཟླ་བ་ཆོས་སྒྲོན་གྱིས་དེང་དུས་ལྷ་མོའི་འཁྲབ་ཚན《ཚེ་རིང་ལྷ་མོ》འཁྲབ་བཞིན་པ།

    776737_yis_1602669470897_s.jpg

    ལྷ་མོའི་དམངས་ཁྲོད་འཁྲབ་སྟོན་པ།

    776736_yis_1602669470336_s.jpg

    ཁྲེང་ཀོན་ཆུས་ཉང་བྲན་ཤང་མི་རིགས་སྒྱུ་རྩལ་ཚོགས་པས་རྔོན་པ་འཁྲབ་བཞིན་པ།

    བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་ལྷ་མོ་ལོ་600ལྷག་ཙམ་གོང་དར་ཞིང་། གླུ་ལེན་གར་འཁྲབ་ཀྱི་རྣམ་པའི་ཐོག་ནས་རྩོམ་རིག་གི་ནང་དོན་མཚོན་པའི་ཕྱོགས་བསྡུས་སྒྱུ་རྩལ་ཞིག་ཡིན། དམངས་ཁྲོད་ཀྱི་གཏམ་རྒྱུད་དང་ལོ་རྒྱུས་ཀྱི་ངག་རྒྱུན་སོགས་བརྗོད་བྱར་བཟུང་པས་བོད་ཀྱི་རིག་གནས་ཀྱི“འགྱུར་རྡོ་གསོན་པོ”ཞེས་བརྗོད་པ་དང་། གྲངས་ཉུང་མི་རིགས་ཟློས་གར་ཁྲོད་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པའི་ཟློས་གར་གྱི་གྲས་ཤིག་ཡིན། 2006ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ལྷ་མོ་དེ་ཉིད་ཁག་དང་པོའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ་དང་། 2009ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི“མིའི་རིགས་ཀྱི་ངག་ཐོག་དང་མངོན་མིན་ཤུལ་བཞག་གི་ཚབ་མཚོན་བརྩམས་ཆོས”མིང་གཞུང་ནང་བཅུག་པ་རེད།

    ཟླ་བ་ཆོས་སྒྲོན་དང་ལྷ་མོའི་ལས་འབྲེལ་།

    ཐོག་མའི་ཐུག་འཕྲད།

    “ཕྲུ་གུ་ཚོ། དེ་རིང་ནི་ང་ཚོའི་འཛིན་གྲྭ་ཆུང་བའི་ལྷ་མོའི་སློབ་ཚན་དང་པོ་རེད། ཚང་མས་ཡག་པོ་སྦྱོངས་ཤིག” ཉེ་ཆར་སྙན་འཇེབས་ལྡན་པའི་རྣམ་ཐར་གྱི་གདངས་དབྱངས་ཁྲོད་གསར་འགོད་པ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གཞོན་ནུ་ལོ་ཆུང་བྱེད་སྒོའི་ལྟེ་གནས་ཀྱི་ཞབས་བྲོའི་སློབ་ཁང་དུ་བསྐྱོད་སྐབས། བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་ལྷ་མོའི་འཁྲབ་སྟོན་པ་ཟླ་བ་ཆོས་སྒྲོན་གྱིས་ཕྲུ་གུ་ཚོར་ལྷ་མོ་འཁྲབ་སྟངས་བསླབ་བཞིན་འདུག་ལ། ཁོང་གི་སློབ་ཁྲིད་འོག་ཕྲུ་གུ་ཚོས་རྣམ་ཐར་གཏོང་སྟངས་དང་འཁྲབ་རྩལ་སྦྱོང་བཞིན་འདུག

    ཟླ་བ་ཆོས་སྒྲོན་གྱིས་ལྷ་མོའི་ལོ་རྒྱུས་རིང་ཤོས་ནི་སྤྱི་ལོའི་དུས་རབས་8པ་བར་འདེད་རྒྱུ་ཡོད་ཅིང་། སྤྱི་ལོའི་དུས་རབས་15པར་སླེབས་སྐབས། བོད་ཀྱི་གྲགས་ཅན་བཟོ་སྐྲུན་པ་ཐང་སྟོང་རྒྱལ་པོས་འཕྱོངས་རྒྱས་སྤུན་བདུན་ལུགས་ཀྱི་འབག་དཀར་པོའི་ལྷ་མོའི་གཞུང་བརྩམས་པ་རེད། རྒྱུན་ཆད་མེད་པར་ལེགས་བཅོས་དང་གསར་གཏོད་བྱས་པ་བརྒྱུད། འབག་སྔོན་པོའི་འཇུན་པའི་ལྷ་མོའི་འཁྲབ་གཞུང་དར་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།

    ཆུང་དུས་ཀྱི་དགའ་ཞེན།

    འདི་ལོ་ལོ་30ལ་སླེབས་པའི་ཟླ་བ་ཆོས་སྒྲོན་ནི་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་ཚན་ཁག་ནས་ཐོན་པ་དང་། ལྷ་མོ་འཁྲབ་ནས་ལོ་10སོང་ཞིང་། ཁོང་ནི་ཆེད་ལས་ཀྱི་ལྷ་མོ་འཁྲབ་སྟོན་པ་ཞིག་ཡིན་ལ། ལྷ་མོའི་སྒྱུ་རྩལ་ལ་ཡང་ཧ་ཅང་དགའ་པོ་ཡོད།

    ཟླ་བ་ཆོས་སྒྲོན་ཆུང་དུས་སྡོད་སའི་ཀརྨ་དགོན་གསར་སྡེ་ཁུལ་གྱི་གླིང་ཁའི་ནང་ལོ་ལྟར་དབྱར་ཁའི་དུས་སུ་ལྷ་མོ་འཁྲབ་ཀྱི་ཡོད། ཉིན་ལྟར་ཞོགས་པ། ཟླ་བ་ཆོས་སྒྲོན་དང་སྤོ་བོ་ལགས་སྒོ་རའི་ནང་དུ་བསྡད་ནས་ལྷ་མོའི་རྔ་སྒྲར་ཉན་གྱི་ཡོད་པ་རེད། རྒྱུན་དུ་ཟླ་བ་ཆོས་སྒྲོན་དང་སྤོ་བོ་ལགས་ཀྱིས་ནོར་བུ་གླིང་ཁ་དང་རྫོང་རྒྱབ་ཀླུ་ཁང་སོགས་སུ་ལྷ་མོ་ལྟ་བར་བསྐྱོད་ཀྱི་ཡོད། ཟླ་བ་ཆོས་སྒྲོན་ཆུང་དུས་ནས་ལྷ་མོར་དགའ་པོ་ཡོད་ཅིང་། སློབ་ཆུང་ཐོན་སྐབས་བོད་ལྗོངས་ལྷ་མོ་ཚོགས་པས་འཁྲབ་སྟོན་པ་བསྡུ་བ་ཤེས་རྗེས། ཐེ་ཚོམ་མེད་པར་ཡིག་རྒྱུགས་ལ་ཞུགས་རྒྱུའི་མིང་ཐོ་བཀོད་རྗེས་ཡིག་རྒྱུགས་འཕྲོད་པ་རེད། ལོ་13ལ་སླེབས་སྐབས་ཁོང་སི་ཁྲོན་ཞིང་ཆེན་སྒྱུ་རྩལ་སློབ་གྲྭར་ཚུད་ནས། ལྷ་མོའི་སྒྱུ་རྩལ་སློབ་སྦྱོང་བྱེད་པའི་ལམ་བུར་བསྐྱོད་འགོ་ཚུགས།

    དཀའ་སྤྱད་ཀྱི་གྲུབ་འབྲས།

    ཉེ་བའི་ལོ་ཤས་རིང་། ཟླ་བ་ཆོས་སྒྲོན་གྱིས《འགྲོ་བ་བཟང་མོ་》དང་། 《པད་མ་འོད་འབར》 《ཆོས་རྒྱལ་ནོར་བཟང》སོགས་ལྷ་མོ་འཁྲབ་མྱོང་བ་མ་ཟད། དེང་དུས་ཀྱི་ལྷ་མོའི་འཁྲབ་ཚན《གསེར་མདོག་ཅན་གྱི་ཁྱིམ་གཞིས》དང《ཚེ་རིང་ལྷ་མོ》 《རྒྱུད་དྲུག་གི་བརྩེ་བ》བཅས་འཁྲབ་ཅིང་། དེ་དག་ཁྲོད་ལས《གསེར་མདོག་ཅན་གྱི་ཁྱིམ་གཞིས》དང《ཚེ་རིང་ལྷ་མོ》ལ་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་འཁྲབ་སྟོན་གྱི་གསེར་གྱི་བྱ་དགའ་ཐོབ་པ་རེད།

    ཉེ་བའི་ལོ་ཤས་རིང་། ཟླ་བ་ཆོས་སྒྲོན་སོགས་ན་གཞོན་ལྷ་མོའི་འཁྲབ་སྟོན་པ་མང་པོ་ཞིག་ཆར་རྗེས་ཀྱི་སྨྱུག་རྩ་བཞིན་ཐོན་ནས་བོད་ཀྱི་ལྷ་མོའི་སྒྱུ་རྩལ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་འབྲེལ། ལྷ་མོའི་ཟློས་གར་ལ་སྔར་བྱུང་མྱོང་མེད་པའི་སྐྱེ་སྟོབས་དང་གསོན་ཤུགས་རྒྱས་ནས། བོད་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པ་དང་། མང་ཚོགས་ཀྱི་རྨང་གཞི་བརྟན་པ། འཕེལ་རྒྱས་ཀྱི་མདུན་ལྗོངས་ཡངས་པ་བཅས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་སུ་གྱུར་ཡོད། ཏང་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་འོག ལྷ་མོའི་ཞིབ་འཇུག་པ་དང་དེ་བཞིན་ལྷ་མོའི་སྒྱུ་རྩལ་པ་ཚོས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་ལྷ་མོ་སྲུང་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད།

    མ་འོངས་ཀྱི་མདུན་ལམ།

    ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གཞོན་ནུ་ལོ་ཆུང་བྱེད་སྒོའི་ལྟེ་གནས་ཀྱི་ཞབས་བྲོ་སློབ་ཁང་ནང་། ལྷ་མོ་སྦྱོང་བཞིན་ཡོད་པའི་ལོ་7ལ་སླེབས་པའི་བུ་མོ་ཆུང་ཆུང་ཟླ་བ་སྒྲོལ་དཀར་གྱིས་གསར་འགོད་པར“ངའི་ཕུགས་བསམ་ནི་ལྷ་མོ་འཁྲབ་མཁན་ཞིག་བྱ་རྒྱུ་ཡིན། རྒན་ལགས་ཀྱི་སློབ་ཁྲིད་འོག ངས་ལྷ་མོ་ཡག་པོ་སྦྱངས་ནས། སང་ལོའི་དྲུག་གཅིག་བྱིས་པའི་དུས་ཆེན་སྐབས་ངས་རྒན་ལགས་དང་། སློབ་གྲོགས། ཁྱིམ་བདག་བཅས་ལ་ལྷ་མོ་འཁྲབ་རྒྱུ་ཡིན”ཞེས་བརྗོད་བྱུང་།

    “ལྷ་མོ་འཕེལ་རྒྱས་གཏོང་བའི་ཁྲོད་རྒྱུན་འཛིན་དང་གསར་གཏོད་ནི་གཅིག་ཕན་གཅིག་རོགས་ཡིན་པ་ལས་ཕན་ཚུན་འགལ་ཟླ་མིན། སྔ་མོའི་ལྷ་མོའི་འཁྲབ་རྩལ་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་ལྷ་མོའི་འཁྲབ་རྩལ་གསར་པ་གསར་གཏོད་བྱས་ཚེ། ལྷ་མོའི་སྒྱུ་རྩལ་ལ་དེ་བས་གསོན་ཤུགས་རྒྱས་ཐུབ། ལྷ་མོའི་རྒྱུན་འཛིན་གྱི་ལས་འགན་ལྕི་ལ་ལམ་ཐག་རིང་བས་ལྷ་མོའི་འཁྲབ་སྟོན་པ་ཡོངས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས། མང་ཚོགས་དེ་བས་མང་བས་སྲོལ་རྒྱུན་ལྷ་མོའི་ངོ་མཚར་དང་བོད་ཀྱི་ལོ་རྒྱུས་ཡུན་རིང་ལྡན་ལ་འོད་སྟོང་འཕྲོ་བའི་རིག་གནས་ཤེས་རྟོགས་ཐུབ་པ་བྱས་ཚེ། གནའ་བོའི་ལྷ་མོ་འདི་ཉིད་དེ་བས་ཉམས་འགྱུར་ལྡན་པ་ཞིག་ཡོང་ཐུབ”ཅེས་ཟླ་བ་ཆོས་སྒྲོན་གྱིས་བརྗོད་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།