རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་དགོས།
ཉེ་ཆར། གསར་འགོད་པས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་སྐོར་ལ། བོད་རང་སྐྱོང་ལྗོངས་ཆོས་ལུགས་ལས་དོན་ཅུས་ཀྱི་ཏང་ཙུའི་ཁོངས་མི་ཅུས་ཀྲང་གཞོན་པ་ཀྲའོ་ཧུའེ་ཉན་ལ་བཅར་འདྲི་བྱས་པ་ཡིན།
ཀྲའོ་ཧུའེ་ཉན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཀྱིས་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་པ་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་དང་རྒྱལ་ཁབ་ཀྱིས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་ལས། ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་བྱུང་ནས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་བཤད་པ་རེད།
ཀྲའོ་ཧུའེ་ཉན་གྱིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པར། ངེས་པར་དུ་དེ་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་རང་རྟོགས་ངང་འཚམ་མཐུན་དང་། སྤྱི་ཚོགས་འཕེལ་རྒྱས་དང་གོམ་སྟབས་གཅིག་མཚུངས། དུས་རབས་ཡར་རྒྱས་དང་འགྲོས་མཐུན་བཅས་ཡོང་བར་བྱས་ནས་སྤྱི་ཚོགས་འཛུགས་སྐྲུན་གྱི་ཞི་མཐུན་འབྱུང་རྐྱེན་དང་རྒྱལ་ཁབ་འཛུགས་སྐྲུན་གྱི་སྟོབས་ཤུགས་ཆེན་པོར་འགྱུར་བ་བྱེད་དགོས་པ་དང་། དེ་བཞིན“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། གྲྭ་བཙུན་གྱིས་རྒྱལ་ཁབ་ཀྱི་འདུ་ཤེས་དང་རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་དགོས་པའི་ངོས་འཛིན་བྱས་པ་རེད།
ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པ་ནི་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་ཁྲིམས་ལྟར་བོད་སྐྱོང་བའི་ཞིབ་ཕྲའི་མཚོན་ཚུལ་ཞིག་དང་། ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། རྩ་ཁྲིམས་གོང་དུ་བཀུར་བ་དང་། ཁྲིམས་ལུགས་ལ་བརྩི་སྲུང་ཞུ་བ། ཁྲིམས་སྐྱོང་ལ་བཀུར་ཞིང་སྐྲག་དགོས་པ་བཅས་ནི་སྤྱི་དམངས་ཀྱི་ཆེས་རྩ་བའི་བླང་བྱ་ཞིག་རེད་ལ། སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་དགོས་པའི་ཁྲོད་ཀྱི་བརྗོད་བྱའི་སྙིང་པོ་ཞིག་ཀྱང་རེད།
ཀྲའོ་ཧུའེ་ཉན་གྱིས་དགོན་སྡེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ《ཆོས་ལུགས་ལས་དོན་སྲོལ་ཡིག》སོགས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་ཐད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱེད་དགོས་པའི་ཁྲིད་སྟོན་ཧུར་ཐག་བྱེད་དགོས་ཞེས་བཤད་པ་རེད།
ཀྲའོ་ཧུའེ་ཉན་གྱིས་མིག་སྔ་དང་སླད་ཕྱིན་དུས་སྐབས་རིང་པོ་ཞིག་ནང་། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བའི་ཁྲིད་སྟོན་ཧུར་ཐག་བྱ་རྒྱུ་ནི་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པའི་ནང་དོན་གཙོ་ཆེ་ཤོས་ཤིག་ཡིན་ཞེས་བཤད་པ་རེད།