དབུ་ཤོག>བོད་ཀྱི་རིག་གནས།
  • ང་ཚོའི་འཁྲིས་ཀྱི་སྒྱུ་རྩལ་བརྩམས་ཆོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-08-15

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་རིག་རྩལ་གསར་རྩོམ་གྱི་བརྩམས་ཆོས་ལ་འཕེལ་རྒྱས་མྱུར་པོ་བྱུང་ནས་རིག་རྩལ་གསར་རྩོམ་གྱི་བརྩམས་ཆོས་སྔར་ལས་མང་བ་མང་ཚོགས་ཀྱི་འཚོ་བའི་ཁྲོད་དར་ཁྱབ་འགྲོ་བཞིན་ཡོད། བརྩམས་ཆོས་དེ་དག་བཟོ་བཀོད་ལེགས་ཤིང་ལས་སྣོན་ཞིབ་ཚགས་པ་དང་ཕྱིའི་བཟོ་ལྟ་མཛེས་པ་ཙམ་མ་ཟད། ས་གནས་ཀྱི་རིག་གནས་ཁྱད་ཆོས་འབུར་དུ་ཐོན་པར་བརྟེན་དོན་སྙིང་ཆེན་པོ་ལྡན་ཡོད།

    758781_yis_1596600370659_s.jpg

    འདི་ནི་ཐང་གའི་མཛེས་དཔྱོད་རིག་གནས་གཞི་རྒྱུ་འདུས་པའི་རྡོ་སྣོད་ཡིན་པ།

    758783_yis_1596600371548_s.jpg

    འདི་ནི“བོད་ཀྱི་ཕྱག་རྟགས”ཞེས་པའི་རིག་རྩལ་གསར་རྩོམ་གྱི་ཡུལ་སྐོར་ཐོན་རྫས་འགྲན་བསྡུར་སྐབས་བདུན་པའི་མཐའ་བསྡུར་ལ་བྱ་དགའ་རིམ་པ་གཉིས་པ་ཐོབ་པའི་བྱམས་པ་རྟགས་ཅན་གྱི་སྨྱུག་སྣོད་ཡིན་པ།

    758784_yis_1596600371907_s.jpg

    འདི་ནི་ཡུལ་སྐོར་བས་སྤོས་བཟོ་བའི་སྤྲོ་སྣང་མྱོང་བཞིན་པ།

    བོད་ལུཌ་འབྲི་གཡག་གི་ཨ་ལད་པད་ཀོག

    བོད་སྐོར་དཀྱིལ་འཁོར་སྒྲོལ་མ་གླིང་གི་ཉོ་སྒྲུབ་མྱོང་རོལ་ལྟེ་གནས་སུ། རིག་རྩལ་གསར་རྩོམ་གྱི་བརྩམས་ཆོས་ངོ་སྤྲོད་བྱེད་བཞིན་པའི་འཛོམས་སྐྱིད་ཀྱིས་ཚོང་ཁང་གི་རིག་རྩལ་གསར་རྩོམ་གྱི་བརྩམས་ཆོས་སྐོར་གསར་འགོད་པར་ངོ་སྤྲོད་བྱས་བྱུང་། “གཟིགས་དང་། བུ་མོ་ཆུང་ཆུང་འདིས་འཁྱེར་བ་ནི་ང་ཚོའི་ཚོང་ཁང་གི་བྲིན་ཁ་རྒྱུག་ཤོས་ཀྱི་བོད་ལུགས་འབྲི་གཡག་གི་ཨ་ལད་པད་ཀོག་རེད། དེ་ནི་ཕྲུ་གུ་ཚོར་མེད་དུ་མི་རུང་བ་ཞིག་ཡིན་ལ། ཕྲུ་གུ་དང་མི་རྒན་པའི་དབར་གྱི་བརྩེ་བ་ཟབ་ཏུ་གཏོང་བའི་སྒྱུ་རྩལ་བརྩམས་ཆོས་ཤིག་ཀྱང་རེད། ཁྱེད་ཀྱིས་ཨ་ལད་པད་ཀོག་འདི་རིགས་དཔེ་སྒྲོམ་མམ་ཡང་ན་ཆ་སྒམ་གྱི་སྟེང་དུ་བཞག་ནས་མཛེས་རྒྱན་བྱ་ཆོག”

    མཁྱེན་ལྡན་མ་ཏའེ་ལགས་ནི་སི་ཁྲོན་ནས་ཡིན་ཞིང་། ཁོང་གིས་ཚོང་ཁང་དུ་རིག་རྩལ་གསར་རྩོམ་གྱི་ཐོན་རྫས་ཉོ་བཞིན་འདུག ཁོང་གིས“ང་རང་བོད་དུ་ཡོང་དོན་ནི་འདི་གའི་མཛེས་ལྗོངས་ལ་པར་རྒྱག་ཞོར་དུ་བོད་ཀྱི་རིག་གནས་ལ་སྔར་བས་རྒྱུས་ལོན་བྱེད་ཆེད་ཡིན། ལམ་བར་དུ་འབྲི་གཡག་ཁྱུ་དང་ཁྱུ་མཐོང་བྱུང་། དེ་ཚོ་སྟོབས་ཆེ་ལ་གང་ལ་གང་སྐྱིད་དུ་རོལ་བཞིན་འདུག་པ་ནི་མཚོ་བོད་ས་མཐོའི་མི་དམངས་དང་འདྲ་བར་དཀའ་ངལ་ལ་དཔའ་མི་ཞུམ་པ་དང་བཟོད་བསྲན་ཆེ་བ་ཞིག་འདུག་པས། ང་ལ་སེམས་འགུལ་ཐེབས་བྱུང”ཞེས་གསར་འགོད་པར་བཤད་བྱུང་།

    སེམས་འགུལ་ཆུང་ངུ་འདི་འདྲ་ཐེབས་པའི་དབང་གིས་མཁྱེན་ལྡན་མ་ཏའེ་ལགས་ཀྱིས་བོད་ལུགས་འབྲི་གཡག་གི་ཨ་ལད་པད་ཀོག་ལ་བརྩེ་བ་གཞན་དང་མི་འདྲ་བ་ཞིག་བཅངས་ཡོད། ཁོང་གིས“བོད་དུ་སྡོད་རིང་དྲན་གསོ་བྱ་ཡུལ་མང་པོ་ཞིག་བྱུང་བས། དྲན་ཤེས་ཟབ་མོ་སེམས་གཏིང་དུ་བཞག་པ་དང་། སྟབས་བདེའི་ཅ་དངོས་ཆུང་རིགས་ཉོས་ནས་སྤུན་ཉེ་དང་གྲོགས་པོར་སྤྲོད་རྩིས་ཡོད། སླད་ཕྱིན་བོད་ཀྱི་རིག་རྩལ་གསར་རྩོམ་བརྩམས་ཆོས་ཀྱི་སྣ་ཁ་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ནས་སྤྱོད་གོ་ཆོད་པ་དང་དོན་སྙིང་ལྡན་པ་ཞིག་ཡོང་བའི་ཡིད་ཆེས་ང་ལ་ཡོད། གང་ལགས་ཤེ་ན། ཕུལ་བྱུང་རིག་གནས་ཀྱིས་མི་རྣམས་ལ་དེའི་གཏམ་རྒྱུད་དང་གོ་དོན་བརྗོད་དུ་བཅུག་པ་མ་ཟད། དེང་སྐབས་ཀྱི་འཚོ་བ་དང་སྦྲེལ་མཐུད་གང་ལེགས་ཐུབ་ནས་ཚང་མར་བོད་ཀྱི་རིག་གནས་ཀྱི་ཚོར་སྣང་ངོ་མ་ཞིག་སྦྱིན་པས་ཀྱང་རེད། དེས་ན་མི་སྔར་ལས་མང་བས་བོད་ལ་སྐྱོད་པ་དང་། བོད་ངོས་འཛིན། བོད་ཤེས་རྟོགས་ཐུབ་པ་བཅས་ཀྱི་རེ་བ་ཡོད”ཅེས་བཤད་བྱུང་།

    རྡོ་རིལ་ངོས་ཀྱི་ཞལ་ཐང་།

    དུས་རྒྱུན་ཁོང་གིས་ལྟོ་ཕད་ཆེན་པོ་ཞིག་ཁུར་ནས་ཕྱིར་འགྲོ་གི་ཡོད། བཟོ་ལྟ་འདྲ་མིན་སྣ་ཚོགས་ཀྱི་རྡོ་རིལ་མཐོང་འཕྲལ་ལྕི་པོ་ག་ཚོད་ཡོད་ནའང་ཁོང་གིས་ཁྱེར་ནས་ཡོང་གི་ཡོད། གང་ལགས་ཤེ་ན། བོད་ཀྱི་ས་ཆ་གང་དུ་ཕྱིན་ནའང་ལམ་ཟུར་དང་། རི་གསེབ། ཆུ་ནང་བཅས་སུ་རྡོ་རིལ་མི་འདྲ་བ་མང་པོ་མཐོང་རྒྱུ་ཡོད་པ་དེ་དག་གིས་རང་བྱུང་ཁམས་ཆེན་པོ་ལོ་རྒྱུས་བརྗོད་ཀྱིན་ཡོད་པ་དང་གཉིས་སུ་མ་མཆིས་པས་རེད།

    “རི་མོ་བྲི་གཞི་ཡིན་པའི་རྡོའི་ཚོན་མདོག་དང་། འཇམ་རྩུབ། ཡང་ལྕི་བཅས་ལས་བརྩམས་ཆོས་ཕྱེད་ཀ་ཙམ་གྲུབ་པ་མ་ཟད། དེ་བྱིངས་ལ་རང་ཉིད་ཀྱིས་ལག་པ་བསྒུལ་ནས་མཐོང་ཐོས་དྲན་རེག་གི་ཚོར་བ་དེའི་ངོས་སུ་འགོད་ཀྱི་ཡོད། དེ་ལྟར་བརྩམས་ཆོས་འགའ་གྲུབ་པར་སྤྱིར་ཉིན་གཅིག་གམ་ཡང་ན་ཉིན་འགའ་འགོར་གྱི་ཡོད་པས། གྲུབ་འབྲས་ཆེན་པོ་ཐོབ་པའི་ཚོར་སྣང་ཟབ་མོ་ཡོང་གི་འདུག”ཅེས་སྨན་ཐང་སྒྱུ་རྩལ་ཁང་གི་གསར་གཏོད་པ་ཝང་ཐན་ཝུན་གྱིས་བཤད། ཁོང་གིས་2011ལོར་ང་རང་གཅིག་པུ་བོད་ལ་ཡོང་ནས་སྲོལ་རྒྱུན་གྱི་ཐང་ག་འབྲི་བཞེངས་ལག་རྩལ་ལོ་དགུ་ཏག་ཏག་སྦྱངས་པ་ཡིན། དེའི་རིང་། རྡོ་རིལ་ལ་རི་མོ་བྲིས་པ་མ་ཟད། སོ་སོས་སྦྱངས་པའི་ཤེས་བྱ་དང་ཟུང་འབྲེལ་བྱས་ནས“རྡོ་རིལ་ངོས་ཀྱི་ཞལ་ཐང”ཞེས་པ་ཐོག་མར་བཏོན་པ་ཡིན་ཞེས་བཤད།

    ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་གྱི་གཡུ་ཐོག་ཟམ་པའི་གཞོགས་སུ་གནས་པའི་སྨན་ཐང་སྒྱུ་རྩལ་ཁང་གི་ཐོག་སོ་གཉིས་པར་སླེབས་སྐབས་ཉི་འོད་གཡུ་རྩིའི་རྫ་གཡམ་བརྒྱུད་ཁང་པའི་ནང་དུ་འཕྲོས། ས་ཆ་དེ་ནི་ཁ་ཁུ་སིམ་ལ་སྔོ་ལྗང་གིས་བརྒྱན་པ་དང་གང་སར་ཇ་ལོའི་དྲི་ཞིམ་འཐུལ་བའི་གནས་ཤིག་རེད། ས་སྟེང་དུ་བཟོ་ལྟ་འདྲ་མིན་སྣ་ཚོགས་ཀྱི་རྡོ་རིལ་མང་པོ་བཞག་ཡོད་པ་དེ་དག་ནི་བོད་ཀྱི་ཞལ་ཐང་མྱོང་རོལ་བྱ་ཡུལ་ཞིག་ཡིན་ལ། རི་མོར་ལྟ་ཞོར་དུ་ཇ་འཐུང་བའི་གནས་མཆོག་ཏུ་གྱུར་པ་ཞིག་ཀྱང་རེད། དེར་ཝང་ཐན་ཝུན་དང་ཁོང་གི་དགེ་ཕྲུག་ཚོའི་པིར་རྩལ་ལས་ཐོན་པའི་ལག་ཤེས་སྒྱུ་རྩལ་བརྩམས་ཆོས་ལ་ཡིད་དབང་ཅིག་ཅར་དུ་འཕྲོགས་ནས་སྲོལ་རྒྱུན་དང་དེང་སྐབས་ཟུང་འབྲེལ་གྱི་ཚོར་སྣང་ཟབ་མོ་ཞིག་སྦྱིན་གྱི་ཡོད།

    ཝང་ཐན་ཝུན་གྱིས“རྡོ་རིལ་ལ་ཞལ་ཐང་འབྲི་བ་ནི་སེམས་པ་ལྷོད་ལ་འབབ་ཐུབ་པ་མ་ཟད། ལྷ་འབྲི་བའི་ཚོར་སྣང་དང་བསམ་བློ་གཏོང་ཕྱོགས་ཀྱང་མི་འདྲ་བས་རི་མོ་འབྲི་རྒྱུར་སྔར་བས་ཚོར་སྣང་སྐྱེན་པོ་དང་གསོན་ཉམས་ལྡན་པ་ཡོང་ཐུབ། རྡོ་མང་པོ་ཞིག་ཀོང་ཀོང་འབུར་འབུར་ཡིན་ནའང་། ང་ཚོས་ཁྱད་ཆོས་དེ་ལ་བརྟེན་ནས་རི་མོས་ཟུར་བརྒྱན་སྤྲས་ཏེ་སེམས་ལ་བསམ་པའི་དོན་རྡོར་འབྲི་གི་ཡོད། དེ་ལྟར་བྱས་ན་རང་བྱུང་དང་མི་ཆོས་ཀྱི་རིག་གནས་ཞི་མཐུན་ལྷུན་གྲུབ་ཡོང་གི་ཡོད”ཅེས་གསར་འགོད་པར་བཤད་བྱུང་།

    ཝང་ཐན་ཝུན་གྱིས་རང་བྱུང་གི་རྒྱུ་ཆ་དང་མིའི་བཟོ་རྩལ་ཟུང་འབྲེལ་གྱིས་སྒྱུ་རྩལ་གྱི་གྲུབ་འབྲས་ཐུན་མོང་མ་ཡིན་པ་ཞིག་མངོན་པར་བརྟེན། རྡོ་རིལ་ངོས་ཀྱི་ཞལ་ཐང་ནི་འཚོ་བའི་མཚོན་ཐབས་ཤིག་ཏུ་གྱུར་ནས་སྒྱུ་རྩལ་ནམ་ཡང་སྙེག་ཐབས་བྲལ་བ་ཞིག་མ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། “མི་ཚང་མའི་སེམས་ཀྱི་བོད་ལྗོངས་ལ་སོ་སོའི་གོ་བ་ལེན་སྟངས་མི་གཅིག་པ་རེ་ཡོད། ངའི་སེམས་ཀྱི་བོད་ལྗོངས་གིས་ཐང་ག་འབྲི་བཞེངས་སྐབས་སུ་སེམས་པ་རྣལ་དུ་འབབ་ཀྱི་འདུག”ཅེས་བཤད།

    སྤོས་བཟོ་དུས་སེམས་པ་ལྷོད་ལ་བབས།

    གསར་འགོད་པ་དངོས་ལྗོངས་ཟློས་གར་ཆེ་གྲས་ཝུན་ཤིང་ཀོང་ཇོ་འཁྲབ་ཡུལ་ཉེ་འགྲམ་གྱི་སྤོས་ཀྱི་དྲི་བསུང་མྱོང་རོལ་ཁང་དུ་འབྱོར་སྐབས། དེར“སློབ་མ”འགའ་ཡོད་པ་དེ་དག་གིས་སྙེ་མོ་རྫོང་ཐོན་པ་ཤང་གི་སྤོས་བཟོའི་རྒྱུན་འཛིན་བ་བསྟན་འཛིན་གྱིས་སྤོས་བཟོ་བའི་བརྒྱུད་རིམ་ལ་ལྟ་བཞིན་འདུག

    སྤོས་ཀྱི་དྲི་བསུང་མྱོང་རོལ་ཁང་གི་འགན་འཁུར་བ་ལུའོ་མིན་དབྱི་ནི་ཚན་རིག་དང་བཟོ་སྐྲུན་ཆེད་ལས་ཚན་ཁག་གི་སློབ་གྲྭ་ཆེ་མོ་བ་ཞིག་རེད། སློབ་གྲྭ་ཐོན་རྗེས་རྒྱུ་ཆར་ལོ་བཞི་ཞིབ་འཇུག་བྱས་པ་དང་། རྗེས་སུ་བོད་ལ་ཡོང་སྟེ་འདི་གའི་དྲོ་འཇམ་གྱི་ཉི་འོད་དང་། དྭངས་ཤིང་གཙང་བའི་མཁའ་རླུང་། སྐྱིད་སྣང་དོད་པའི་ཁོར་ཡུག་ཡོད་པ་མ་ཟད། ལོ་རྒྱུས་རིང་བའི་སྤོས་ཀྱི་རིག་གནས་ཀྱིས་ཁོང་གི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོགས།

    བོད་དུ་སྡོད་རིང་ལུའོ་མིན་དབྱི་སྙེ་མོ་རྫོང་ལ་ཐེངས་བཅུ་གྲངས་ཁ་ཤས་འགྲོ་མྱོང་ཡོད། ཁོང་གིས་འདི་གའི་བསིལ་རླུང་དང་ལྗོན་ཤིང་། ལྷག་པར་དུ་ཞིང་ཁྱིམ་གྱི་སྒོ་རྩར་དལ་བ་དལ་བུར་རྒྱུ་བའི་ཆུ་ཕྲན་སོགས་མཛེས་ལྗོངས་ལས་ང་རང་འདི་གར་ཡུན་རིང་སྡོད་འདོད་པའི་ཚོར་སྣང་ཟབ་མོ་ཞིག་སྦྱིན་བྱུང་། “ང་རང་ཆུང་དུས་ཕ་ཡུལ་ལ་སྡོད་སྐབས་ཀྱི་ཚོར་སྣང་ཟབ་མོ་བྱུང་བས། ལྷད་མེད་ཀྱི་བརྩེ་བ་ཞིག་ངང་གིས་སྐྱེ་འོང་གི་འདུག དེས་བོད་ཀྱི་རིག་གནས་དང་སྤོས་ཀྱི་རིག་གནས་ཡག་པོ་སྦྱོང་བའི་ཡིད་ཆེས་སྔར་བས་ཆེ་རུ་ཕྱིན་སོང”ཞེས་བཤད་བྱུང་།

    སྤོས་ཀྱི་དྲི་བསུང་མྱོང་རོལ་ཁང་འདི་ནི་སྙེ་མོ་རྫོང་ཐོན་པ་ཤང་གི་ཞིང་འབྲོག་པའི་སྤོས་བཟོ་མཉམ་ལས་ཁང་དང་བོད་ལྗོངས་རླུང་རྟ་རིག་གནས་གསར་གཏོད་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་མཉམ་དུ་བཙུགས་པ་ཞིག་ཡིན་པ་དང་། དེས་མངོན་མིན་རིག་གནས་ཤུལ་བཞག་དང་། བོད་ཀྱི་རིག་གནས། དེང་སྐབས་ཀྱི་ཚོང་ལས་ཁྲོམ་རའི་དཔལ་འབྱོར་བཅས་མཉམ་འདྲེས་གང་ལེགས་བྱུང་ནས་མངོན་མིན་རིག་གནས་ཤུལ་བཞག་ཐོན་ལས་དང་ཐོན་རྫས་ཀྱི་ལོ་རྒྱུས་རིག་གནས་དང་། དེང་སྐབས་ཀྱི་ལས་འགན་སྒྲུབ་སེམས། གནད་སྨིན་དབུལ་སྐྱོར། ལས་ཞུགས་བསྡུ་ལེན། རིག་རྩལ་གསར་རྩོམ་གསར་སྤེལ། མཉམ་འགུལ་མྱོང་རོལ། ཡུལ་སྐོར་ལྟ་སྐོར་བཅས་གཞི་གཅིག་ཏུ་འདུས་པ་དེའི་དམིགས་ཡུལ་ནི་མི་སྔར་ལས་མང་བས་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ལ་རྒྱུས་ལོན་བྱུང་ནས་མངོན་མིན་རིག་གནས་ཤུལ་བཞག་གི་འཚོ་བའི་ནང་དངོས་སུ་ཁྱབ་པ་དང་འཛམ་གླིང་ཧྲིལ་པོར་ཁྱབ་པ་བྱ་རྒྱུ་དེ་རེད། དགུ་བཅུའི་ནང་སྐྱེས་ཀྱི་གཞོན་ནུ་ལུའོ་མིན་དབྱི་ནི་གཅིག་ནས་དེ་གའི་འགན་འཁུར་བ་ཡིན་ལ། གཉིས་ནས་བོད་ཀྱི་རིག་གནས་ལ་དགའ་བའི་འཚོལ་ཞིབ་པ་ཞིག་ཀྱང་རེད། ཁོང་གིས“སྤོས་བཟོ་བའི་ལོ་བཅུ་གྲངས་ནང་ངས་སྤོས་བཟོ་ཐུབ་ཙམ་ལས་ཕལ་ཆེ་བ་ནི་རང་ཉིད་ཀྱི་སེམས་པ་ལྷོད་ལ་བབས་ཆེད་ཡིན། གང་ཡིན་ཟེར་ན། སེམས་པ་ལྷོད་ལ་བབས་ཚེ་གཞི་ནས་བསམ་རྒྱ་ཆེ་རུ་འགྲོ་བས་ཡིན”ཞེས་བཤད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།